བོད་ནང་དུ་དམར་གསོད་དང་རྡུང་རྡེག་བཙོན་འཇུག་བཅས་ཛ་དྲག་གི་གནས་ཚུལ་དེ་བྱུང་ནས་ཟླ་གཅིག་ལྷག་སོང་བ་དང༌། ད་ལྟའི་ཆར་ཡང་གནས་སྟངས་དེ་ཞི་འཇམ་དུ་སོང་མེད་པར་དོན་དངོས་ཐོག་ཛ་དྲག་གི་གནས་སྟངས་དེ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།
བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་ཐོག་ནས་ཀྱང་ཐུགས་སྣང་གནང་བཞིན་པ་དང༌། ལྷག་པར་དུ་རྒྱལ་སྤྱིའི་གསར་ལམ་མང་ཆེ་བས་གང་ཐུབ་ཐུབ་ཀྱིས་དྲང་བདེན་གྱི་གནས་ཚུལ་འགོད་འགྲེམས་ཡོང་བར་འབད་བརྩོན་ཆེན་པོ་གནང་ཡོད། འོན་ཀྱང་རྒྱ་གཞུང་གི་ངོས་ནས་ད་ལྟའི་བར་དུ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་མ་ཁས་ལེན་བྱས་མེད་པ་མ་ཟད། ལྡོག་ཕྱོགས་ནས་འགྲེལ་བཤད་དང༌། ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མ་ཉེས་ཁག་གཡོག ཡོ་རོབ་གྲོས་ཚོགས་དང༌། ཨ་རིའི་གྲོས་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་དྲང་བདེན་རྒྱབ་སྐྱོར་གྲོས་ཆོད་བཞག་པ་ཁག་ལ་རྒྱ་གཞུང་གིས་ངོས་ལེན་ལྟ་ཅི། ངོ་རྒོལ་སྣ་ཚོགས་བྱེད་བཞིན་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སིས་པེ་ལོ་སི་ནི་རྒྱ་ནག་མི་མང་ཆེས་མི་དགའ་བའི་སྲིད་དོན་པ་ཞིག་ཡིན་པ་དང༌། ཁོང་ནི་གཏོར་བཅོམ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཅེས་འཁོད་པ་སོགས་ཁོང་ལ་དམིགས་བསལ་ངོ་རྒོལ་གྱི་ཆེད་རྩོམ་ཞིག་གཟའ་ཉི་མའི་ཉིན་རྒྱ་ནག་མི་དམངས་ཚགས་པར་དུ་བཀོད་འདུག ཡོ་རོབ་གྲོས་ཚོགས་ལའང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དང༌། གཟའ་ཉི་མའི་ཉིན་ཨོ་རི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་རུ་རྒྱ་རིགས་བཞི་སྟོང་ལྷག་ཅིག་གིས་རྒྱལ་སྤྱིའི་གསར་འགྱུར་ལམ་ཁག་གིས་བོད་ནང་གི་གནས་ཚུལ་བཀོད་པ་དྲང་བདེན་མིན་པའི་སྐོར་སོགས་བརྗོད་ནས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
གོང་གསལ་གྱི་གནད་དོན་མང་པོ་ཞིག་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་དུས་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མི་ཚོས་ད་ལྟའི་ཆར་འཚེ་མེད་ཞི་བའི་ལྟ་གྲུབ་དང་མི་འགལ་བའི་ཐོག་ནས་བོད་དོན་ཆེད་བསྔགས་འོས་ཀྱི་ལས་འགུལ་གང་མང་ཞིག་སྤེལ་བཞིན་ཡང༌། སྟོང་ཆ་ཞིག་ལྷག་པ་དེ་བཙན་བྱོལ་བོད་གཞུང་དེ་རྒྱལ་སྤྱིའི་སྟེང་ནས་ངོས་ལེན་ཡོང་ཐབས་ཀྱི་ལས་འགུལ་དེའང་ཆབས་ཅིག་ཏུ་སྤེལ་ཐུབ་མེད་པ་དེ་རེད། རྒྱ་གཞུང་གིས་བོད་ནང་དུ་ཧམ་སེམས་དང་གདུག་རྩུབ་ཅན་གྱི་འཆར་གཞི་འདྲ་མིན་ལག་བསྟར་བྱེད་དང་བྱ་མུས་སུ་ཡོད་པ་དང༌། ལྷག་པར་དུ་རྒྱལ་སྤྱིའི་རྩེད་འགྲན་གྲུབ་པའི་རྗེས་སུ་བོད་ནང་དུ་སྔར་ལས་དམ་དྲག་དང་དམར་གསོད་རྡུང་རྡེག་གི་ལས་འགུལ་ཞིག་སྤེལ་སྲིད་ལ། དེའི་རྗེས་སུ་བོད་རྒྱའི་གནད་དོན་ཐག་གཅོད་ཡོང་རྒྱུ་ལ་ད་ལྟ་ལས་ཀྱང་ཁག་ཏུ་འགྲོ་ངེས་རེད། དེར་བརྟེན་བཙན་བྱོལ་བོད་གཞུང་དང་བོད་རིགས་མི་མང་གཞུང་སྒེར་གྱི་ཚོགས་པ་ཁག་གིས་བཙན་བྱོལ་བོད་གཞུང་དེ་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་དང༌། ལོ་བདུན་བརྒྱད་ཅིག་གི་སྔོན་ལ་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་དུས་བཀག་གི་ནང་དུ་བཙན་བྱོལ་བོད་གཞུང་ངོས་ལེན་གནང་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་ཀྱང༌། ྋགོང་ས་མཆོག་གི་སྐུ་ཚབ་རྣམས་དང་རྒྱ་གཞུང་གི་དབར་འབྲེལ་བ་ཙམ་བྱུང་ནས་གྲུབ་འབྲས་གང་ཡང་སོན་མེད་ཀྱང༌། སྐུ་ཚབ་ཐེངས་ཁ་ཤས་ཐུག་འཕྲད་བྱས་པར་བརྟེན། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེར་གནས་སྐབས་ཕན་ནུས་གང་ཡང་སོན་མེད། ད་ལྟའི་ཆར་གནད་དོན་དེའི་ཐོག་བསྐྱར་དུ་ཡོ་རོབ་གྲོས་ཚོགས་ལ་ཞུ་སྐུལ་བྱེད་དགོས་པ་དང༌། ཨ་རིས་གཙོས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བཙན་བྱོལ་བོད་གཞུང་ཁྲིམས་མཐུན་གྱི་ངོས་ལེན་དགོས་པའི་ལས་འགུལ་སྤེལ་དགོས་པ་དེ་ང་ཚོའི་མ་འོངས་པའི་གྲ་སྒྲིག་གལ་ཆེ་ཤོས་དེ་ཡིན་ལ། ད་ལྟའི་ཆར་རྒྱལ་སྤྱིའི་སྒང་ནས་བོད་དོན་ལ་ཐུགས་སྣང་གནང་བཞིན་པའི་གོ་སྐབས་དང་བསྟུན་ནས་ལས་འགུལ་དེ་ཁ་ཚ་དགོས་གཏུག་གིས་སྤེལ་དགོས་པ་ཧ་ཅང་གལ་ཆེ། གནད་དོན་འདི་ལ་རྒྱ་གཞུང་གིས་གནོན་ཤུགས་འདྲ་མིན་སྤྲོད་ངེས་ཀྱང་ང་ཚོས་ངེས་པར་དུ་རྩོད་ལེན་བྱེད་དགོས། ད་ཆ་རྒྱ་གཞུང་ལ་བསྟུན་རྒྱུའི་དུས་ཚོད་དེ་ཡོལ་ཟིན་པ་རེད་ལ། བསྟུན་ནས་ཕན་ཐོགས་མེད་པའི་ར་སྤྲོད་ཀྱང་བྱུང་བ་རེད། དེར་བརྟེན་གོ་སྐབས་འདི་ཆུད་ཟོས་སུ་མི་གཏོང་བར་ྋགོང་ས་མཆོག་དང་བོད་རིགས་ཡོངས་རྫོགས། གཞུང་མང་གཉིས་ངོས་ནས་བཙན་བྱོལ་བོད་གཞུང་རྒྱལ་སྤྱིའི་ཐོག་ནས་ཁྲིམས་མཐུན་གྱི་གཞུང་ཞིག་ལ་ངོས་འཛིན་ཡོང་ཐབས་སུ་འབད་དགོས་པ་སྐབས་སུ་བབ་ཅིང༌། འཕྲལ་ཕུགས་གཉིས་ལ་གལ་གནད་ཆེ་བའི་དོན་དག་ཅིག་ཡིན།།





