བེ་རི་དཔལ་ལྡན་རྣམ་རྒྱལ།
ཆོས་དང་ཆབ་སྲིད་ནི། ཡུལ་དུས་ངོ་བོ་གང་ནས་བལྟས་ཀྱང་འགལ་བ་ཉག་གཅིག་ཡིན་ལ། ཆོས་ནི་ཞི་བ་སྒྲུབ་བྱེད་དང་། སྲིད་ནི་སྲིད་པ་སྒྲུབ་བྱེད་ཡིན་པས་དེ་གཉིས་ལ་མཐུན་ཆོས་ཅུང་ཙམ་ཡང་མེད་པ་ནི་མངོན་སུམ་གྱིས་གྲུབ་མོད། འོན་ཀྱང་། འཕགས་བོད་ཀྱི་ལོ་རྒྱུས་མི་ཉུང་བ་ཞིག་གི་ནང་།
བཀའ་སྤྱིའི་འོས་བླུག་ལ་ཉེ་བའི་སྐབས་ཆབ་སྲིད་ཀྱི་འཁྲབ་སྟོན་པ་མང་པོ་གདན་སར་གཅིག་རྗེས་གཉིས་མཐུད་ཀྱིས་ལུད་ཡོང་ལ། འོས་མིའི་སྦྱར་ཡིག་སྟོང་ཕྲག་མང་པོ་དཔར་ཏེ་གདན་སའི་སྲང་ལམ་དང་གྱང་ངོས་སུ་སྦྱར་འགོ་བཙུགས་ཤིང་། གྲྭ་བཙུན་ཚོ་ལ་རོགས་རམ་སོགས་གང་དགོས་གནང་ཁུལ་གྱིས་གྲྭ་བཙུན་ཚོའི་བློ་འགུག་ཐབས་གང་མང་བྱེད།
གདན་སའི་ཇ་ཁང་དང་། སྲང་ལམ་ཁག་གི་ནང་དུའང་། ཆབ་སྲིད་ཀྱི་གནད་དོན་གླེང་མཁན་ཤ་སྟག་ཡིན་ལ། གྲྭ་བཙུན་གཉིས་གསུམ་ཞིག་འཛོམས་ནའང་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྐོར་རྐྱང་རྐྱང་ཡིན། དེ་སྔོན་གདན་སའི་གྲྭ་པ་ཁ་ཤས་ཤིག་འཛོམས་ན་དཔེ་ཆའི་དཀའ་གནད་དང་། དེ་མིན་སློབ་སྦྱོང་གི་སྐོར་བཀའ་མོལ་གནང་བ་ལས་ཆབ་སྲིད་ཀྱི་སྐོར་འཆད་མཁན་ཤིན་ཏུ་དཀོན་ཞིང། དེ་འདྲ་འཆད་མཁན་འགའ་ཤས་ཡོད་པ་དེ་ཚོ་ལ། ཆབ་སྲིད་པ་ཞེས་ཟུར་ཟ་བྱས་པ་ང་ཆུང་ཆུང་ཡིན་པའི་སྐབས་མཐོང་མྱོང་། དེང་གི་ཆར་ཀུན་གྱིས་ཆབ་སྲིད་ཀྱི་སྐོར་ལ་བསམ་གཞིག་དང་བཀའ་མོལ་མང་དུ་གནང་ཞིང། གྱང་ངོས་སུ་སྦྱར་ཡོད་པའི་རང་ཉིད་ཀྱི་མཐུན་ཕྱོགས་མིན་པའི་འོས་མིའི་དཔར་སོགས་ལ་ནོར་རྟགས་རྒྱག་པ་དང་བཀོག་པ་སོགས་མདོར་ན། ལྷིང་འཇགས་ལྡན་པའི་ཆོས་ཀྱི་གདན་ས་འདི་ཉིད་ཆབ་སྲིད་ཀྱི་ཡོ་ལང་འཕྱུར་སའི་དྷ་རམ་ས་ལའི་གྲོང་པ་བཞིན་དུ་གྱུར་པ་ནི་དོན་དམ་པའི་བློ་འཚབ་སྐྱེས་དགོས་པ་ཞིག་རེད་སྙམ།
དེ་སྔོན་བོད་དུ་གདན་ས་ཁག་གི་ནང་དུ་ཆབ་སྲིད་པ་ཡོད་ཀྱང། ཁ་ཤས་ལས་མེད། དེང་གི་ཆར་གདན་ས་འདི་ཆབ་སྲིད་ཀྱི་དམག་འཁྲུག་རྒྱག་ས་ཞིག་ཏུ་འགྱུར་བཞིན་པ་ཡིན་པས། ངས་ཆབ་སྲིད་ཀྱིས་གདན་སར་བཙན་འཛུལ་བྱེད་པ་ཞེས་བརྗོད་པ་ཡིན་ལ། བཙན་འཛུལ་དེ་འགོག་ཐབས་གང་ཡོད་ཀུན་གྱིས་བསམ་གཞིག་གནང་དགོས་པ་ཞིག་རེད་སྙམ།།









