བོད་ཀྱི་བང་ཆེན། བསམ་ཚུལ། རྩོམ་ཡིག ཅིའི་ཕྱིར་ཧོང་ཀོང་གི་ལམ་ལུགས་དེས་བོད་སྐྱོབ་མི་ཐུབ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

ཅིའི་ཕྱིར་ཧོང་ཀོང་གི་ལམ་ལུགས་དེས་བོད་སྐྱོབ་མི་ཐུབ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་སྤེལ།  བུ་ཆུང་བསོད་ནམས་ཀྱིས་བོད་བསྒྱུར་བྱས།
བོད་མིའི་ཁྱད་ཆོས་རང་བཞིན་ལྡན་པའི་དབུ་མའི་ལམ་གྱི་སྲིད་བྱུས་རྩོད་མཁན་ཚོས་ཉེ་ཆར་རྒྱ་ནག་གི་ཁྲིམས་ལུགས་ཐོག་གལ་འགངས་ཆེ་བའི་རེ་བ་ཞིག་རྒྱག་གི་ཡོད་པ་ནི།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་དོན་ཚན་༣༡ གི་དགོངས་དོན་གཞིར་བཞག་ཧོང་ཀོང་ལྟ་བུའི་དམིགས་བསལ་རང་སྐྱོང་ས་ཁུལ་བསྐྲུན་རྒྱུའི་ཆོག་མཆན་སྤྲད་ཡོད་པ་འདི་ཡིན། ཐོབ་ཐང་དེ་བོད་མི་ཚོས་དགོས་འདུན་བཏོན་པ་བཞིན་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ཡོད་ཀྱང་། ཁོང་ཚོའི་ཁྲིམས་ལུགས་ནང་གསལ་བའི་དོན་དམ་རང་སྲིད་རང་སྐྱོང་གི་གནས་བབ་ད་ལྟ་ལག་ལེན་དོན་འཁྱོལ་བྱུང་མེད་པ་དེ་ཡིན།

ལྟ་ཚུལ་དེར་ཉེན་ཁ་ཆེ་བའི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ནི་རྒྱ་ནག་ནང་ཆབ་སྲིད་ཀྱི་རང་དབང་མངོན་གསལ་དོད་པོ་མེད་པའམ་ཡང་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ཁྲིམས་མཐུན་གྱི་ལག་བསྟར་གནང་ཐབས་མེད་པ་དེ་ཡིན། མངོན་མི་ཐུབ་པའི་རྐྱེན་གཞན་ཞིག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༣༡ ནང་གསལ་བའི་ཧོང་ཀོང་གི་རང་སྲིད་རང་སྐྱོང་ཡང་གནས་སྐབས་ཀྱི་དགོས་མཁོ་ཙམ་ལས་གཏན་འཇགས་གནས་ཐབས་མེད་པ་དེ་ང་ཚོས་ཤེས་ཐུབ། ཧོང་ཀོང་གི་མང་གཙོའི་ཐོབ་ཐང་དག་ཡུན་རིང་མ་འགོར་བར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འོག་འཐིམ་པའི་རྗེས་ཡུལ་དེར་ད་ལྟ་སྤྱོད་བཞིན་པའི་རང་དབང་མེད་པ་ཆགས་འགྲོ་ཡི་རེད། དེར་བརྟེན་ཡ་མཚན་སྐྱེ་གཞི་ཞིག་ལ་མི་མང་ཚོའི་དཔྱད་གཞིའི་དགོངས་པའི་ནང་ཧོང་ཀོང་གི་ལམ་ལུགས་དེ་བོད་ལ་མཁོ་ཡི་ཡོད་མེད་དེ་ཡིན།

རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༡ ལ་ཞིབ་ཚགས་བལྟ་བ།
ཕྱི་ལོ་༡༩༨༢ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དོན་ཚན་༣༡ འདི་ཁ་སྣོན་བྱས་ཡོད། དེ་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཧོང་ཀོང་དང༌། མའེ་ཁའོ། ཐེ་ཝན་སོགས་ལས་སླ་པོའི་ངང་རྒྱ་ནག་གི་བདག་དབང་འོག་བཅུག་ཐབས་བྱེད་རྒྱུའི་སྲིད་བྱུས་ཤིག་ཡིན། ད་ལྟའི་བཟོད་པར་དཀའ་བའི་ཧོང་ཀོང་གི་གནས་བབ་ལ་གཞིགས་ན་རྒྱ་ནག་མཉམ་མཐུན་སྒྲིལ་གྱིས་གོང་བུ་གཅིག་སྒྲིལ་བྱེད་རྒྱུ་ལས་མེད་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན། ཧོང་ཀོང་གི་རྩ་ཁྲིམས་བསྡུས་པའི་གཞི་རྩའི་ཁྲིམས་ཡིག་ནང་འཁོད་པ་ལྟར་ན་ཧོང་ཀོང་དེ་བཞིན་མ་རྩ་རིང་ལུགས་དང་ད་ལྟ་ལོངས་སུ་སྤྱོད་བཞིན་པའི་ལམ་ལུགས་ཐོག་འགྱུར་མེད་ངང་ལོ་ངོ་༥༠ གནས་རྒྱུ་ཡིན་པའི་དབང་ཆ་སྤྲད་ཡོད། གནད་དོན་དེར་གཞིགས་ན་ཕྱི་ལོ་༢༠༤༧ ལོ་བར་མ་གཏོགས་ཧོང་ཀོང་དེ་བཞིན་རང་སྲིད་རང་སྐྱོང་གི་གནས་བབ་འོག་རྒྱ་ནག་གིས་བདག་སྐྱོང་མཐུན་རྐྱེན་སྤྲད་ཀྱི་མེད་པ་གསལ་པོ་རེད།

དེ་ལྟ་བུའི་གྲུབ་འབྲས་དོན་འཁྱོལ་ཡོང་ཐུབ་པར་གཞི་རྩའི་ཁྲིམས་ཡིག་ངོས་ནས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་ཁྲིམས་བཟོ་དང་ཁྲིམས་ལུགས་དབང་འཛིན་གྱི་འགན་དབང་ཆ་ཚང་སྤྲད་ཡོད། ལམ་ལུགས་དེ་ལྟ་བུ་གཅིག་མཚུངས་མའེ་ཁའོ་ལ་ཆ་བཞག་ནའང་ལོ་༥༠ ཙམ་ལས་རྒྱ་ནག་གཞུང་གིས་རང་སྐྱོང་གི་གནས་བབ་སྤྲོད་ཀྱི་མེད་པ་གསལ་པོ་རེད། འཕྲལ་སེལ་རང་སྲིད་རང་སྐྱོང་གི་གནས་སྐབས་དེའི་རིང་རྒྱ་ནག་གི་ཁྲིམས་ལུགས་ངོས་ནས་ཧོང་ཀོང་གི་ཁྲིམས་བཟོའམ་སྲིད་སྐྱོང་བ་འདེམས་རྒྱུའི་ཡོངས་ཁྱབ་ཀྱི་འོས་བསྡུའི་རང་དབང་ད་ལྟའང་སྤྲད་མེད་པ་དེ་ཡིན།

དེ་དང་ཕྱོགས་མཚུངས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ ནང་ཧོང་ཀོང་ན་ཡོད་པའི་རང་སྲིད་རང་སྐྱོང་གི་གནས་བབ་དེ་དུས་ཡུན་རྫོགས་རྒྱུ་ཡོད་པའི་གླེང་སློང་ཏིལ་འབྲུ་ཙམ་ཡང་བྱས་མེད། ཡིན་ནའང་རྩ་ཁྲིམས་ཐོག་ཐད་ཀར་ཉམས་ཞིབ་གནང་མཁན་གྱི་མཁས་དབང་གིས་རྒྱ་ནག་གི་ཁྲིམས་ལུགས་དང་དེ་བཞིན་རྩ་ཁྲིམས་གཞན་གྱི་ཁྲིམས་ཟེར་བ་ནི་ཤོག་ལྷེའི་སྟེང་ཡི་གེ་འཁོད་པ་ལས་དོན་སྙིང་ཟབ་པ་ཡོད་པ་ཤེས་ཀྱི་ཡོད། གལ་སྲིད་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ པའི་མི་རིགས་འདྲ་མིན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ན། ད་ལྟ་ལ་ཁའི་ཉི་མ་ལྟ་བུའི་ཧོང་ཀོང་གི་རང་སྲིད་རང་སྐྱོང་འདི་འདྲ་ཞིག་ཆ་རྐྱེན་དུ་བསྐྲུན་མི་སྲིད་ལ་དེ་ནི་དོན་དངོས་ཤིག་ཡིན།

དུས་ཚོད་གང་ཙམ་ཞིག་འདས་རྗེས་ཧོང་ཀོང་དང་མའེ་ཁའོ་གཉིས་རྒྱ་ནག་གི་ཞིང་ཆེན་དཀྱུས་མ་ཞིག་ཆགས་རྒྱུ་ཡིན་པ་ནི་དོན་དངོས་ཡིན། རྒྱུ་མཚན་དེས་ག་རེ་གསལ་བཤད་བྱས་པ་རེད་ཟེར་ན་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ གི་དོན་དམ་རང་སྐྱོང་གི་གནས་བབ་ཅིག་བསྐྲུན་གྱི་མེད་པ་གསལ་བཤད་བྱས་པ་རེད། དེ་ལས་ལྡོག་སྟེ་ཧོང་ཀོང་དེ་བཞིན་རྒྱ་ནག་གི་འཐབ་བྱུས་ལག་རྟགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གྱིས་མེས་རྒྱལ་གྱི་མངའ་འོག་ཏུ་འཇུག་རྒྱུའི་འདུན་པ་སླེབས་པ་རེད། གནད་དོན་དེའི་རྐྱེན་པས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ལ་ཆབ་སྲིད་ཀྱི་ལག་ཆ་ཞིག་རག་སྟེ་བོར་ཟིན་པའི་མངའ་ཁོངས་ཁག་རག་ཐབས་སམ་སླར་རག་ཐབས་ཀྱི་སྲིད་བྱུས་འདི་བྱུང་བ་རེད། ཧོང་ཀོང་གི་མི་སེར་ཚོས་ད་ལྟ་རབ་རིབ་མངོན་འགྱུར་གྱི་འཕོ་འགྱུར་འདི་སོ་སོའི་ལུང་པའི་ནང་དང་ལེན་བྱེད་བཞིན་ཡོད།

ཕྱི་ལོ་༢༠༠༩ ལོར་འདོན་སྤེལ་བྱས་པའི་ཧོང་ཀོང་དུས་དེབ་ཅིག་གི་ནང་ཆབ་སྲིད་ཚན་རིག་པ་Suzanne Pepper ལགས་ཀྱི་བསམ་ཚུལ་སྤེལ་བ་ལྟར་ན་ཧོང་ཀོང་ཐོག་འཛིན་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཐབས་ལམ་ནི་གནས་སྐབས་ཙམ་ལས་མཐར་ཐུག་གི་སྲིད་བྱུས་ཤིག་མིན་པ་དང༌།  དེ་ཡང་ཁོང་ཚོའི་ཕུགས་ཀྱི་དམིགས་ཡུལ་ནི་ཧོང་ཀོང་དེ་བཞིན་མེས་རྒྱལ་ཁྱིམ་ཚང་ཆབ་སྲིད་ཀྱི་གོང་བུ་གཅིག་སྒྲིལ་བཟོ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་འདུག” སླར་ཁོ་མོས་གསུང་གསལ་ལ་“ལོ་རྒྱུས་དེའི་བསླབ་བྱའི་ལམ་ལུགས་གཉིས་ཀྱི་ཐབས་ལམ་ནི་ང་ཚོས་བསམ་པ་ནང་བཞིན་མིན་པ་འགྲེལ་བརྗོད་གནང་འདུག” དེ་ལྟར་ཆབ་སྲིད་ཀྱི་མཐའ་མཇུག་རྩེ་མོ་དེ་འབྲི་སྤེལ་ཞིབ་ཚགས་བྱས་ཡོད་ནའང་། ཧོང་ཀོང་གི་གཞི་རྩའི་ཁྲིམས་ཡིག་ནང་རྒྱ་ནག་ལ་རྒྱལ་ཡོངས་ཀྱི་ཆབ་སྲིད་ལམ་ལུགས་གཅིག་སྒྲིལ་ཡོང་ཐབས་ཀྱི་མཐུན་རྐྱེན་གལ་ཆེན་སྤྲད་ཡོད་པས། ད་ལྟ་བརྒྱུད་རིམ་དེ་ཡར་རྒྱས་མངོན་འགྱུར་བྱེད་བཞིན་ཡོད། ཕྱི་ལོ་༢༠༤༧ ལོར་ཧོང་ཀོང་དེ་བཞིན་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ཆབ་སྲིད་མངའ་དབང་འོག་ཚུད་རྒྱུ་ཡིན་པའི་གནས་ཚུལ་ཞིག་༼རྒྱ་ནག་ལྷོ་ཕྱོགས་ཀྱི་ཞོགས་པའི་གསར་འཕྲིན་༽གྱི་རྩོམ་སྒྲིག་པའི་གཏམ་ནང་བསམ་ཚུལ་སྤེལ་ཡོད།

གཞི་རྩའི་ཁྲིམས་ཡིག་ནང་ཧོང་ཀོང་ལོ་ངོ་༥༠ ཙམ་རང་སྐྱོང་གི་གནས་བབ་ཐོག་གནས་རྒྱུ། དེ་བཞིན་རྒྱ་ནག་གིས་བོད་ཐོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་འཁོད་བའི་རང་སྐྱོང་གི་གནས་བབ་བོད་ལ་རྒྱུན་འཁྱོངས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ལོ་ངོ་བརྒྱད་ཀྱི་རྗེས་ཏེ་ཕྱི་ལོ་༡༩༥༩ ལོར་མིང་ཙམ་ཡིན་པའི་རང་སྐྱོང་གི་གནས་བབ་དེ་རྒྱ་ནག་གིས་འཕྲོག་པ་རེད། བོད་དང་ཧོང་ཀོང་དེ་བཞིན་མའེ་ཁའོ་སོགས་ཀྱི་རང་སྐྱོང་གནས་བབ་ནི་རྒྱ་ནག་གི་སྐབས་འཕྲལ་ཁོང་ཚོའི་དགོས་མཁོར་གཞིགས་ནས་སྤྲད་པ་ཙམ་ལས་དམིགས་ཡུལ་གཙོ་བོ་ནི་གོང་བུ་གཅིག་སྒྲིལ་གྱི་ཆབ་སྲིད་དབང་ཆ་འཛིན་སྐྱོང་བྱེད་རྒྱུ་དེ་ཡིན། རང་སྐྱོང་གི་གནས་བབ་དག་རྒྱ་ནག་གི་རྒྱུན་འཁྱོངས་བྱེད་ཀྱི་མེད་པ་ནི་འདས་པའི་བོད་ཐོག་བྱུང་བའི་སྲིད་བྱུས་ལས་ར་སྤྲོད་བྱས་ཡོད་པས། ཧོང་ཀོང་དང་མའེ་ཁའོ་ཡི་རང་སྐྱོང་གནས་བབ་ཀྱང་དེ་དེ་བཞིན་ཆགས་རྒྱུ་ཡིན་པ་ནི་འགྲེལ་བརྗོད་བྱེད་དགོས་དོན་མེད།

རྒྱུ་མཚན་དེར་བརྟེན་རྒྱ་ནག་གི་ཡུན་རིང་སྙིང་ལ་བརྣག་པའི་བཟོད་སྲན་གྱི་ཐབས་བྱུས་དག་གྲངས་ཉུང་མི་རིགས་འདྲ་མིན་གྱི་དོན་དམ་མངོན་འདོད་དམ་ཡང་ན་རང་སྲིད་རང་སྐྱོང་གི་གནས་བབ་འདི་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་གནས་རྒྱུ་ཡིན་པར་མགོ་མ་འཐོམ་པ་དགོས། ད་ལྟ་རྒྱ་ནག་ངོས་ནས་འཕྲལ་སེལ་རང་སྲིད་རང་སྐྱོང་གི་གནས་བབ་ཡོད་པ་ཁག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་གོང་བུ་གཅིག་སྒྲིལ་ངང་ལོག་རྒྱུ་ཡིན་པའི་རེ་སྒུག་གི་མདའ་མོ་འཐེན་བཞིན་ཡོད།

དོན་དམ་གྱི་སྲིད་བྱུས་ནུས་སྟོབས་གོང་འཕེལ་ཕྱོགས་སུ་བསྐྱོད་པ།
རྒྱ་ནག་གི་ཆུང་ངུ་རྡོག་རྫིས་གཏོང་རྒྱུའི་སྲིད་བྱུས་འདིས་བོད་ལ་དམིགས་བསལ་རང་སྐྱོང་ས་ཁུལ་ཞེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༣༡ ནང་ངོས་ལེན་གྱིས་དོན་འཁྱོལ་བྱེད་རྒྱུ་ཡིན་པ་ཧ་ཅང་དཀའ་ལས་ཁག་པོ་རེད། ང་ཚོས་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས་ལུགས་ལག་ལེན་བསྟར་ཕྱོགས་ལ་གཞིགས་ན་བོད་ལ་དོན་དམ་རང་སྲིད་རང་སྐྱོང་སྤྲོད་ཀྱི་མེད་པ་ཡིད་ཆེས་ཀྱི་མཇུག་བསྡོམས་རྒྱག་ཆོག་པ་ཞིག་ཡིན། དེ་མིན་ང་ཚོས་མོས་པ་བྱས་ནས་དོན་དམ་རང་སྲིད་རང་སྐྱོང་ང་ཚོར་ཡོང་ཐབས་བྱས་པ་ཡིན་ན། མོས་པ་དེ་དོན་དངོས་སུ་འགྲུབ་མི་ཐུབ་པ་ཞིག་ཡིན། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ ནང་འཁོད་པའི་གནད་དོན་དང་གཞི་མཐུན་ཡོང་ཐབས་ག་རེ་བྱས་ནས་བྱེད་ཀྱི་ཡོད་པའི་རྩོད་གླེང་འདི་གླེང་རྒྱུ་ལྷགས་པ་རེད། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ དང་གཞི་མཐུན་ཡོང་ཐབས་བྱས་པ་འདི་འདོད་མོས་ཙམ་ཞིག་ལས་འགྲུབ་ཐབས་མེད་པ་ཞིག་ཡིན། གནད་དོན་དེའི་རྩོད་གཞི་གཙོ་བོ་ནི་ཆབ་སྲིད་ཀྱི་ལམ་ལུགས་དང༌། ཁྲིམས་ཀྱི་འགྲོ་སྟངས། དེ་བཞིན་ལྟ་གྲུབ་མི་འདྲ་བ་ཞིག་ཞིབ་ཚགས་ངང་རྟོགས་ཞིབ་མ་བྱས་པར་གཞན་ལ་ཧམ་སེམས་ཀྱིས་ལག་ལྟར་བྱས་པ་འདི་ཡིན། འདི་ནི་ཨ་རིའི་རྩ་ཁྲིམས་ཀྱི་བསྐྱར་བཅོས་ཟིན་བྲིས་དང་པོ་ཀློག་སྐབས་དང་འདྲ་བ་ཨ་རིའི་གྲོས་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་གཏོར་ཤིག་བཏང་ནས་ཁྲིམས་བཟོ་མི་ཆོག་ཅེས་གསལ་ཡོད་དོན་དངོས་སུ་གནད་དོན་དེའི་རྐྱེན་པས་མི་སེར་ལ་དབང་བའི་རང་དབང་མང་པོ་ཞིག་འཕྲོག་འགྲོ་གི་ཡོད་པ་གསལ་པོ་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་དོན་དངོས་བསམ་བློ་གཏོང་མཁན་ཞིག་ཡིན་ན་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ ནང་འཁོད་པའི་རང་སྐྱོང་གི་གནས་བབ་ནི་གནས་སྐབས་ཙམ་ལས་ཁོང་ཚོའི་ཕུགས་ཀྱི་དམིགས་ཡུལ་ཉག་ཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་མངའ་འོག་ནང་གོང་བུ་གཅིག་སྒྲིལ་བཟོ་རྒྱུ་དེ་ཡིན། རྒྱུ་མཚན་དེར་བརྟེན་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་དོན་དམ་མི་རིགས་ས་ཁུལ་རང་སྐྱོང་གི་ཐོབ་ཐང་ལག་བསྟར་བྱེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན། རྒྱ་ནག་གི་བོད་འདི་བཞིན་ཁོང་ཚོས་བདག་བཟུང་བྱས་ཡོད་པ་བསམ་བློའི་ནང་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཡ་མ་ཟུང་གི་གནད་དོན་ཁག་ལ་ཁ་གཏད་དུ་ལངས་ཏེ་དོན་འབྲས་བྱུང་བ། རྒྱ་ནག་གི་བོད་ལ་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རང་སྐྱོང་གི་གནས་བབ་སྤྲད་པར་ཆ་བཞག་ནའང༌། དུས་ཚོད་རིང་པོ་མ་འགོར་བར་བོད་དེ་བཞིན་ཕྱི་ལོ་༡༩༥༩ ལོའི་གནས་སྟངས་ལྟ་བུ་སླར་རྒྱ་ནག་གི་ཆབ་སྲིད་གཡོ་རླངས་དྲག་པོའི་འོག་ཚུད་རྒྱུ་ཡིན་པ་ནི་དོན་དངོས་ཀྱིས་རྟོགས་ཐུབ།

བློ་འཚབ་སྐྱེ་མི་དགོས་པ་ཞིག་ལ་རྒྱ་ནག་གཞུང་གི་ང་ཚོར་གོ་སྐབས་དེ་འདྲ་ནམ་ཡང་སྤྲོད་མི་སྲིད། གང་ཡིན་ཞེ་ན་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ གི་དགོངས་དོན་ནི་གྲངས་ཉུང་མི་རིགས་གང་མང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ཚུད་ཐབས་བྱེད་རྒྱུ་དེ་ཡིན།

མདོར་ན་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་ཧོང་ཀོང་ནང་སྤྱོད་བཞིན་པའི་རང་སྲིད་རང་སྐྱོང་གི་གནས་བབ་གཉིས་དཔྱད་བསྡུར་གནང་ནས་འབྲེལ་བ་བཏགས་པ་རྒྱུ་མཚན་ལྡན་པ་ཞིག་ཡིན་ཡང༌། ང་ཚོས་ཡིད་ཆེས་བློས་འགེལ་བྱེད་དགོས་པ་ཞིག་ལ་ལྟ་ཚུལ་གང་འདྲ་ཞིག་ཡིན་རུང་དེའི་ལེགས་སྤེལ་ཉེན་འགོག་ཐད་འཆར་གཞི་དང་ལྡན་པའི་ཐོག་བློ་རྒྱ་ཆེ་བའི་བགྲོ་གླེང་གནང་ཐུབ་ན་སྲིད་བྱུས་ལེགས་པོ་ཞིག་བཟོ་ཐུབ་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་ཚོས་མི་རིགས་འདིའི་འཆི་གསོན་ཐད་དགོངས་པ་བཞེས་ཏེ་མ་སྐུལ་དང་བླང་གིས་ཆ་ཤས་བླངས་ནས་བོད་མིའི་འཐབ་རྩོད་ཀྱི་ལངས་ཕྱོགས་ཐད་ཐུགས་ཕན་སོས་པའི་རོགས་སྐྱོར་གནང་དགོས་པ་ནི་དུས་ཀྱི་དགོས་མཁོ་ཆེ་ཤོས་ཤིག་ཡིན། རང་དབང་གུ་ཡངས་ཀྱི་བགྲོ་གླེང་དེ་ལྟ་བུ་གནང་ཐུབ་ན་འབྱུང་འགྱུར་བོད་མིའི་མངོན་འདོད་དང་འཚམ་པའི་སྲིད་བྱུས་ཤིག་བཟོ་ཐུབ་པས་ངེས་པར་ཐུགས་བསམ་བཞེས་རྒྱུ་ནི་འཕྲལ་གྱི་དོན་གནད་གལ་ཆེན་ཞིག་ཡིན།

མཐའ་མའི་བསྐྱར་བཅོས། ( '2012, 03, 28' )  

གླ་ཡོད་གསལ་བསྒྲགས།

 

varna

tchrd1

 

techno

guchusum

News Video

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།