ངའི་མིང་ལ་ཀརྨ་བསྟན་འཛིན་ཟེར་གྱི་ཡོད། ང་རང་༡༩༩༢ ལོར་རང་ཡུལ་དང་བྲལ་ནས་རྒྱ་གར་ཚ་བའི་ལུང་པར་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ཕྲན་འཛིན་རིམ་བཅུ་གཉིས་བར་དྷ་སྟེང་བོད་ཁྱིམ་དུ་སློབ་གཉེར་བྱས་པ་དང༌། དེ་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་སྐོར་ལ་ལོ་གཅིག་ལྷག་ཙམ་རིང་ཟུར་ཞུགས་སློབ་སྦྱོང་བྱས་ཤིང༌། ད་ལྟ་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱེད་བཞིན་ཡོད།དེ་ལས་མང༌།...






གུས་མོའི་མིང་ལ་བློ་བཟང་ཆོས་དར་ཟེར་ཞིང༌། ད་ལྟ་ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པ་ཡིན། ངས་གོ་སྐབས་འདི་བཟུང་ནས་རེ་སྐུལ་ཞིག་ཞུ་འདོད་བྱུང༌། གངས་ཅན་པ་ཚོས་ད་ལྟ་ང་ཚོའི་གནད་དོན་དེ་ཇི་ལྟར་བྱས་ནས་བཟློག་ཐུབ་བམ། འདས་པའི་དུས་དང་དུས་རབས་གསར་པ་འདིའི་ཁྲོད་དུ་བཟོད་མི་ཐུབ་པའི་རྐྱེན་ངན་ཞིག་རེད། དེ་འདྲ་ཡིན་དུས་རྩམ་ཟན་བྱེ་བྲག་པ་རེ་རེ་ལ་འོས་འགན་ཡོད་པ་སྨྲ་མི་དགོས། ང་ཚོ་བཙན་བྱོལ་བ་རྣམས་རྐུབ་སྟེགས་ཡོད་པ་ཙམ་དང༌། ཡང་ན་འཚོ་བའི་མཐུན་རྐྱེན་འཛོམས་པ་ཙམ་གྱིས་ཡིད་ཚིམས་ཤིང༌། ཤེས་རིག་ལ་དོ་སྣང་མེད་པ། བརྩོན་འགྲུས་ལ་ཞེན་པ་དག་སྲོལ་རྒྱུན་དང་ལད་བཟློས་ཁོ་ན་བྱས་ནས་བསྡད་ན། ང་ཚོ་མི་རབས་གསར་པ་ཡིན་ནའང་ཤེས་རིག་གསར་གཏོད་ཀྱི་ཕྱོགས་ལ་འཕེལ་རྒྱས་དཀོན་ཞིང༌། འབྱུང་འགྱུར་གྱི་གོམ་སྟབས་གསར་པའི་མདུན་དུ་སྟ་གོན་གསར་པ་དེ་བས་ཀྱང་བྱེད་མི་ཐུབ། དུས་རབས་གསར་པ་འདིའི་སྐབས་རྙིང་ཞེན་དང་བག་འཁུམས་ཀྱི་སྒོ་ནས་དཀའ་ངལ་ལ་སྐྲག་ཅིང༌། ལེ་ལོའི་སྣང་ཚུལ་དེ་དག་གི་ཤུགས་རྐྱེན་འོག་རྗེས་ལུས་དང་ཉམས་དམས་ཀྱི་དྲ་རྒྱ་ལས་ཐར་ནས་རང་ཉིད་བསམ་ཕོད་པ་དང༌། སྒྲུབ་ཕོད་པའི་སྙིང་སྟོབས་དེ་བཀོལ་སྤྱོད་ཀྱི་ཐོག་ནས་མགོན་པོ་གང་ཉིད་ཀྱིས་བགྲོད་ལམ་གསར་གཏོད་གནང་བ་དེའི་ཕྱོགས་སུ་ང་ཚོས་གོམ་པ་མདུན་དུ་སྤོ་ཐུབ་པའི་འབོད་སྐུལ་ཞུ་བཞིན་ཡོད།།
ཕྲན་གྱི་མིང་ལ་ཚུལ་ཁྲིམས་དཔལ་ལྡན་ཟེར་ཞིང༌། སྐྱེས་ཡུལ་ནི་དབུས་ལྷ་སའི་ལྷོ་ཁ་གོང་དཀར་ཕྱོགས་སུ་ཡིན། ཕ་མ་གཉིས་ཀྱིས་རེ་བ་དང་ཕུགས་བསམ་གྱི་དར་དཀར་མཇིང་པར་གཡོགས་ཏེ་ཆུང་དུས་ནས་བཙན་བྱོལ་དུ་བརྫངས་ཀྱང་དེ་ལྟར་དུ་མ་བྱུང༌། དེ་རིང་བར་གྱི་མི་ཚེ་ཆོས་སྒོར་བསྐྱལ་ཞིང་འབྱུང་འགྱུར་ལ་དེ་ལྟར་ཡོང་བའི་རེ་བས་ད་ལྟ་ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་ཁུལ་ལགས། ངས་གོ་སྐབས་འདི་བཟུང་སྟེ་གངས་ཅན་པའི་ན་གཞོན་རྣམས་ལ་འབོད་སྐུལ་ཞིག་ཞུ་འདོད་པ་དེ་ནི། བྱུང་ན་ཁྱེད་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་ཆོ་ལོ་ཐོགས་ཏེ་གང་བསམ་པ་དེ་བཤད་ཕོད་པ་དང༌། བཤད་ཕོད་པ་ཇི་བཞིན་ལས་ཕོད་པ་ཞིག་གནང་སྟེ་རྒྱ་ཟས་ལེའུ་བཅོ་བརྒྱད་ལ་འགྱུར་བ་གནང་རོགས། མ་བྱུང་ན། གཏམ་རྫིག་པོ་དང་ལས་ཆེན་པོ་དེ་ཚོ་དོར་ཏེ། སོ་སོའི་སྒོ་གསུམ་གྱི་འགུལ་ཤུགས་རེ་རེའི་ཁྲོད་ན་གདོང་དམར་བའི་དར་རྒུད་ཤེས་པའི་རྩམ་པ་ལྷད་མེད་པ་ཞིག་གནང་རོགས། ཧ་་་་ཧ་མདོར་བསྡུས་ནས་ཞུ་འདོད་པའི་ཚིག་གཉིས་ནི། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པས་བོད་རྒྱལ་ཁབ་མ་སྐྱོང་རོགས་གནང༌། ཐུགས་རྗེས་གཟིགས།
ཕྲན་གྱི་མིང་ལ་ཕུན་ཚོགས་སྒྲོལ་དཀར་ཟེར་ཞིང་དམ་ཆོས་ཉི་མའི་འོད་ཟེར་འཕྲོ་ས་སྟེ། གངས་ཅན་བོད་ཀྱི་རྒྱལ་སར་འབོད་པའི་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ཀྱི་ཉེ་འཁྲིས་མལ་གྲོ་གོང་དཀར་རྫོང་ཁོངས་སུ་སྐྱེས། ལོ་ན་ཧ་ཅང་ཆུང་བའི་བྱིས་པའི་དུས་ཚོད་ནི་བརྩེ་བའི་ཕ་མའི་བཀའ་མངགས་བཞིན་སློབ་གྲྭའི་རྭ་བ་ལས་བསྐྱལ་བ་དང༌། དེ་རྗེས་བཙུན་དགོན་གར་དགོན་བསམ་གཏན་གླིང་དུ་ཆོས་ཞུགས་ཀྱི་སྐལ་བཟང་གོ་སྐབས་ཐོབ། ཁ་བ་རི་བོའི་ཡུལ་དུ་སྔ་ན་མ་གྲགས་པའི་ལོ་རྒྱུས་ཀྱི་དུས་འགྱུར་གནམ་ས་བླ་འོག་བརྗེས་པ་ལྟ་བུར་བྱུང་ཞིང༌། བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ལྷག་ཏུ་ནང་བསྟན་ཆེད་གཉེར་གྱི་གྲྭ་བཙུན་དག་ལ་བསམ་གྱིས་མི་ཁྱབ་པའི་ཆག་སྒོ་ཚབས་ཆེན་བྱུང་རྐྱེན་རང་ཡུལ་དུ་སྡོད་པའི་ཐོབ་ཐང་བྲལ་བ་དང༌། ྋརྒྱལ་བའི་གསེར་ཞལ་ཟླ་བའི་ལང་ཚོ་ལ་མཇལ་བའི་འདུན་པ་བཟློག་ཏུ་མེད་པས་གསོལ་བཏབ་སྟེ་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་བཙུན་དགོན་སྒྲོལ་མ་གླིང་དུ་སློབ་གཉེར་གྱི་བགྱི་བ་དང་དུ་བླངས། ད་ལྟ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་མཐའ་མའི་སློབ་གཉེར་ལ་རྫོགས་ཚིག་འགོད་ལ་ཉེ་བའོ།
ཁོ་བོའི་མིང་ལ་བློ་བཟང་ཐུབ་བསྟན་ཟེར། ཕྲན་ནི་བོད་ཕྲུག་ཁྱིམ་སྡེ་གྷོ་པལ་པུར་སློབ་གླིང་ནས་འཛིན་གྲྭ་བཅུ་གཉིས་མཐར་ཕྱིན། ད་ལྟ་རང་ཉིེད་ཀྱི་ཚེ་སྲོག་དང་འདྲ་བའི་བོད་ཀྱི་སྐད་ཡིག་སྦྱོང་སའི་བསྟི་གནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་ཡོད། ཧམ་པ་ཆེ་དྲག་ཀྱང་བདག་གི་ཕུགས་བསམ་ནི་མཐོ་སྒང་གི་བསམ་བློ་བ་ཞིག་བྱ་རྒྱུ་དེ་ཡིན། རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་ངས་རྟག་ཏུ་ཡིད་ལ་བསམ་པ་དང་ཁ་ནས་བརྗོད་འདོད་པའི་སྐད་ཆ་ནི། ང་ཚོ་ནི་ཡར་ལུང་གཙང་པོའི་འགྲམ་རྒྱུད་ནས་འཚར་ལོངས་བྱུང་བའི་ཁྱིམ་ཚང་ཞིག་ཡིན།