བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༦༩ ཕྱི་ལོ་ ༢༠༡༢/༡/༩
ཉེ་བའི་ཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་འདུན་པ་དང་གྲ་སྒྲིག་ཆ་ཚང་ཡོད་ཅེས་གསར་འགོད་པར་བརྗོད་འདུག
དོན་དངོས་ཐོག་བོད་རྒྱའི་འབྲེལ་བ་མཚམས་ཆད་ནས་ལོ་༢ ལྷག་འགྲོ་ཡི་ཡོད་པ་དང་། བོད་པའི་ངོས་ནས་རྒྱ་གཞུང་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་འདུན་པ་དང་འཆར་གཞི་ཆ་ཚང་ཡོད་ཚུལ་སྔ་རྗེས་ཡང་ཡང་བགྲང་ཡོད། འོན་ཀྱང་རྒྱ་དམར་གཞུང་གིས་ངོས་ལེན་གཏན་ནས་བྱས་མེད་པ་མ་ཟད། ད་དུང་བོད་ཀྱི་གནད་དོན་ལ་འཁྱོག་བཤད་དང་༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་ཡང་ཡང་བྱེད་བཞིན་པ་རེད། རྒྱ་གཞུང་གི་སྲིད་བྱུས་ལངས་ཕྱོགས་ལ་གཞིག་ན་བོད་དོན་ཐག་གཅོད་བྱེད་རྒྱུའི་འདུན་པ་རྩ་བ་ནས་མེད་པ་དང། བོད་མི་རིགས་ཀྱི་གནད་དོན་ཐོག་ལ་འཛིན་པའི་ལངས་ཕྱོགས་ནི་སྔར་དང་གཅིག་མཚུངས་ལས་འགྱུར་བ་གང་ཡང་སོང་མེད།
བོད་མི་ཆ་ཚང་གི་ངོས་ནས་རྒྱ་མི་རིགས་དང་མཉམ་གནས་མཉམ་སྡོད་ཀྱི་སྲིད་བྱུས་དེ་ལ་བོད་མི་ཡོངས་རྫོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཡོད་མེད་གང་ལྟར་ཡང་། ༧གོང་ས་མཆོག་གི་ལམ་སྟོན་གནང་བ་བཞིན། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་གནས་རྒྱུའི་འདོད་པ་དང་ཐག་གཅོད་བྱུང་ཡོད་པ་རེད། ༧གོང་ས་མཆོག་གི་ལམ་སྟོན་བཞིན་བོད་རྒྱ་གཉིས་མཉམ་གནས་དང་། དེ་ཡང་ཆོལ་ཁ་གསུམ་ཁ་མ་བྲལ་བའི་ཐོག་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་རང་སྲིད་རང་སྐྱོང་གི་གནས་བབས་ཤིག་དགོས་པ་དེ་རེད། བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་གནས་བབས་སྤྲོད་རྒྱུ་ནི། རྒྱ་གཞུང་ངོས་ནས་བསམ་ཤེས་ཡག་པོ་ཞིག་བྱས་ན་དེ་ཙམ་དཀའ་ངལ་མེད་མོད། ད་བར་བསམ་ཤེས་གཏན་ནས་བྱས་མེད་པ་དང། དུས་ནམ་ཡང་བོད་མི་རིགས་དེ་རྒྱ་གཞུང་གི་བྲན་གཡོག་ཁོ་ན་ལས་འདྲ་མཉམ་གྱི་ཐོབ་ཐང་ཞིག་སྤྲོད་འདོད་མེད་པ་དེ་རེད།
རྒྱ་དམར་གཞུང་ལ་མཚོན་ན་བོད་རྒྱ་མཉམ་གནས་ཡོང་བའི་ཐབས་ལམ་ཡག་ཤོས་ནི། ༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་སྲིད་བྱུས་དེ་ཁོ་ན་ཡིན་མོད། ད་བར་བསམ་ཤེས་སྤུ་རྩེ་ཙམ་བྱས་མེད་པ་མ་ཟད། མནར་གཅོད་དང་དམ་དྲག་གི་གནས་སྟངས་ལ་འགྱུར་བ་གཏན་ནས་སོང་མེད། དེར་བརྟེན་བོད་ནང་གི་བོད་མི་མང་པོ་ཞིག་གིས་གཅེས་པའི་ཚེ་སྲོག་ཀྱང་བློས་གཏོང་གནང་བའི་རིམ་པ་འདི་རྒྱ་དམར་གཞུང་གི་བསམ་ཞིབ་ཅིག་བྱེད་དགོས་ངེས་ཀྱང་། ད་བར་བསམ་ཤེས་གཏན་ནས་མ་བྱས་པར་དོན་མེད་རྙོག་འཛིང་དང་འཁྱོག་བཤད་ཁོ་ནས་དུས་འདའ་བར་བྱེད་བཞིན་ཡོད། གནད་དོན་འདི་དག་བརྒྱུད་ནས་བོད་མི་ཚོས་བོད་རྒྱ་མཉམ་གནས་ཀྱི་བསམ་བློའི་གནས་བབས་ལ་སྔར་དང་མི་འདྲ་བའི་དྲན་འཆར་གསར་པ་ཞིག་སྐྱེ་བཞིན་པ་དང་། བོད་མི་རིགས་ཀྱི་སེམས་ངོ་རུ་རྒྱ་གཞུང་ནི་དུས་ནམ་ཡང་བོད་ཀྱི་གཉའ་གནོན་མཁན་དང་། ཐུབ་ཚོད་གཏོང་མཁན་གྱི་དགྲ་བོ་ཞིག་ཏུ་བརྩི་བཞིན་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་རྒྱ་གཉིས་དུས་ནམ་ཡང་མཉམ་གནས་ཐུབ་ཐབས་མེད་ལ། རྒྱ་གཞུང་གི་བྱེད་སྟངས་དེ་དག་ལ་བརྟེན་ནས་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་སྲིད་བྱུས་ལའང་ནུས་པ་གང་ཡང་ཐོན་མི་སྲིད་པ་ཞིག་རེད། བོད་རིགས་དེ་རྒྱ་རིགས་དང་བསྡུར་ན་གྲངས་ཀ་ཧ་ཅང་ཉུང་ཡང་། གནས་ལུགས་དང་བདེན་པའི་ཕྱོགས་ནས་བཤད་ན་རྒྱ་དམར་གཞུང་ལས་ལྡབ་མང་པོས་བོད་མི་རིགས་གཟི་བརྗིད་ཆེ་བ་ཡོད། དེར་བརྟེན་སྟོབས་ཤུགས་དང་དྲག་གནོན་ཇི་ལྟར་བཀོལ་སྤྱོད་བྱས་ཀྱང་། བོད་མི་རིགས་ཀྱི་བདེན་པའི་གནས་ལུགས་ནི་བདེན་པ་རང་ཡིན་པས་དུས་ནམ་ཡང་རྡོལ་རོལ་གཏོང་ཐུབ་ཐབས་མེད། བོད་པ་ཙམ་མ་ཡིན་པར་སོག་པོ་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་རྣམས་ཀྱང་རྒྱ་གཞུང་ལ་འཁོན་འཛིན་དང་སྡང་སེམས་ཧ་ཅང་ཆེན་པོ་ཡོད། རྒྱ་ནག་ནང་ཁུལ་ནས་ཀྱང་བཟོ་པ་དང་ཞིང་པའི་ཐོབ་ཐང་ཧ་ཅང་སྐྱོ་པོ་ཡིན་པས། རང་དབང་དང་བདེ་སྡུག་གི་ཆེད་ཞི་རྒོལ་བྱེད་མཁན་ཉིན་རེ་ནས་ཉིན་རེ་བཞིན་ཡང་ཡང་ཡོང་གི་ཡོད། འདི་དག་ཚང་མ་རྒྱ་དམར་གཞུང་གི་ད་ལྟའི་སྲིད་བྱུས་གདུག་རྩུབ་ཅན་འདི་ལ་བརྟེན་ནས་བྱུང་བ་རེད།
ཐ་ན་དུད་འགྲོ་ཞིག་ཡིན་ཡང་བྱམས་བརྩེ་དང་གཅེས་སྐྱོང་བྱེད་མཁན་དག་ལ་དགའ་ཞེན་བྱེད་པ་དང་། མནར་གཅོད་རྡུང་རྡེག་གཏོང་མཁན་ལ་ཞེད་སྣང་དང་སྡང་སེམས་བྱེད་པ་ལས་དགའ་སྣང་དང་མཉམ་འདུག་བྱེད་འདོད་ཡོད་མཁན་སུ་གཅིག་ཀྱང་མེད། སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ལ་མཚོན་དེ་བས་ཀྱང་དགའ་ཞེན་གྱི་ཚོར་བ་གཏན་ནས་སླེབས་མི་སྲིད་པ་རེད། བོད་རྒྱའི་དཀའ་རྙོག་ཡོད་ཚད་རྒྱ་དམར་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཁོ་ན་ལ་བརྟེན་ནས་བྱུང་བ་དང་། ཇི་སྲིད་རྒྱ་དམར་གཞུང་གི་སྲིད་བྱུས་ལ་འགྱུར་བ་མ་སོང་བ་དེ་སྲིད་དུ་བོད་རྒྱའི་གནད་དོན་ཐག་གཅོད་ཡོང་མི་སྲིད་པ་ཞིག་རེད། ༧གོང་ས་མཆོག་གིས་བོད་མི་རིགས་ལ་གུ་ཡངས་དཀྱེལ་ཆེའི་དགོངས་བཞེས་ལམ་སྟོན་རྒྱ་ཆེ་གནང་བ་དེ་དག་ཀྱང་། རྒྱ་དམར་གཞུང་གིས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་བོད་མི་སྤྱི་དང་ལྷག་པར་ན་གཞོན་དག་ཨ་ཐང་ཆད་བཞིན་ཡོད། མ་འོངས་པར་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་སུ་འགྲུབ་ཀྱང་མ་འགྲུབ་ཀྱང་བོད་པའི་མི་རིགས་གསར་པ་རྣམས་ཀྱིས་རང་བཙན་རྩོད་ལེན་གྱི་ལམ་དུ་ཞུགས་སྲིད་པ་དང་། སྐབས་དེ་དུས་༧གོང་ས་མཆོག་ལྟ་བུ་ཤུགས་རྐྱེན་ཧ་ཅང་ཆེ་བའི་མི་སྣ་གཞན་ཞིག་ཡོང་མི་སྲིད་པས། བོད་རྒྱའི་འཐབ་རྩོད་ཀྱི་ངོ་བོར་ཡང་རང་བཞིན་གྱིས་འགྱུར་བ་འགྲོ་སྲིད་པ་ཞིག་རེད།།










