The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

དངོས་དགའ་


2012.01.20 00:05:14

 

སྐྱ་རེངས་བུ་མོས་རྟ་བདུན་བསུས་པར་གློ་བུར་བརྡོལ་བའི་ཆུ་བུ་མིན།།

གླིང་གཞན་ན་ཡང་འཁོར་ལོ་འཆང་བའི་ངལ་གསོ་དུས་ལ་རྡོག་པས་བརྫིས།།

ནངས་པར་རི་བོའི་ཕྲག་ལས་བརྒལ་བར་གསར་བུ་སྐྱེས་བར་ཡིན་སྙམ་ཡང་།།

ཡོད་ཚད་གཞན་ཕན་འཁོར་ལོ་བཆང་བར་སླར་ཡང་འདིར་རུ་སྣང་བ་བཀྱེ།།




2012.01.16 01:58:34

འཚང་ཀའི་ཁྲོད་དུ་གདན་ཞིག་འཁྱེར་ནས་གསུང་ཆོས་རྭ་བ་ནང་དུ་ཕྱིན་པའི་གང་སར་མིས་ཁེབས་པས་ཕྱི་རྒྱ་བ་རྣམས་ཕེབས་སྒོ་ཞིག་གི་ཉེ་སར་ཉི་མའི་དྲོད་དང་ཆར་ཆུའི་བརླན་ལ་གདོང་ལེན་བྱས་ནས་་དེ་རུ་འཚང་ཀའི་ངང་དུ་སྡོད་པ་ཡིན།


བྱང་བུ།: རེ་བ།



2012.01.12 11:37:58

ཉི་གཞོན་འཆར་ཀའི་དཔལ་འཕྲོགས་ཤིང་།།

                   བཅུ་དྲུག་གཞོན་ནུའི་ལང་ཚོ་རྫོགས།།

                   ཟག་མེད་བདེ་བའི་དཀྱིལ་འཁོར་བཀྲ།།

                   འཇམ་དཔལ་ཡེ་ཤེས་བདག་ལ་རྩེན།།

བྱང་བུ།:



2011.10.13 12:51:05

གངས་དཀར་ཆུ་བོས་ཆ་ཙམ་མཚོན་པའི་ཤྭཀྱའི་རིགས་ཀྱི་སྲས་པོ་ལས།།

ཆུ་ཕྲན་འཛོམས་པའི་པཎ་གྲུབ་རྣམས་ཀྱིས་གཞུང་ལུགས་རིན་ཆེན་མཐའ་རུ་སྲིངས།།

སྡུག་བསྔལ་ངལ་རྩོལ་ལྟོ་བ་ལ་འཁྱིལ་སེམས་ཅན་ཕོངས་བར་གྱུར་པ་ན།།

སེམས་ཀྱི་གསང་བ་བརྒྱ་ཕྲག་གཏོར་བའི་རིན་ཆེན་དུ་མའི་གཞུང་ལུགས་བསྐྲུན།།

བྱང་བུ།:



2011.06.18 11:26:05

ཉ་དང་འབུ་སྲིན་སྐྱེས་ཤི་འཁོར་ཡང་རྒྱ་མཚོའི་ཧམ་པས་རྟག་པར་རློམ།།

ས་གཞིའི་གཏུམ་མོའི་གདོང་པ་རལ་ཡང་བརླན་གཤེར་དམ་བསྒྲིལ་ནུས་པ་སྤུངས།།

མེ་ལྷའི་འཐབ་འཁྲུགས་རི་བོ་འབར་ཡང་བསིལ་རེག་བུ་མོས་གླུ་གར་རོལ།།

རླུང་འཚུབ་དྲག་པོས་སྟོང་སང་གོང་ཡང་རྒྱ་མཚོའི་ཧར་རྒོད་གཅིག་གིས་ཟློག།།


བྱང་བུ།:



2011.04.04 01:54:23

རྟ་བདུན་འོད་ཀྱིས་སྐྱ་རེངས་བསུས་པར་གློ་བུར་བརྡོལ་བའི་ཆུ་བུ་མིན།།

གླིང་གཞན་སྣང་བས་ལྟོ་བར་རྒྱོངས་ཏེ་ངལ་གསོ་དུས་ལ་རྡོག་བརྫིས་ཏེ།།

ནངས་པར་རི་བོའི་ཕྲག་ལས་བརྒལ་བར་གསར་བུ་སྐྱེས་བར་ཡིན་སྙམ་ཡང་།།

ཡོད་ཚད་གཞན་ཕན་འཁོར་ལོ་བཆང་བར་སླར་ཡང་འདིར་རུ་སྣང་བ་བཀྱེ།།


བྱང་བུ།:



2011.02.15 11:22:18

ལམ་ལུགས་ས་ཁྲའི་མཁན་པོར་གྱུར་པས་གསུང་བཤད་འདོད་དགུ་འཇོ་བ་ལས།།

ཕྱི་ནང་དུ་མའི་ལམ་ལུགས་བདེ་བས་ཡིད་དབང་འཕྲོགས་པའི་གསར་གཏོད་སྦྱིན།།

དར་སྐུད་རིང་པོའི་མཐའ་ལ་བཟུང་བའི་སྐུ་ངོའི་བརྫི་ཁུལ་ཕར་སྐྱེལ་ནས།།

སྐྱ་བའི་གསེབ་ནས་ལྷད་མེད་འཆང་བའི་གཞོན་ནུའི་གསར་པའི་གདོང་ལེན་བསུས།།



ཡོད་མེད་མི་ཤེས་སྐར་ཆུང་རྡོག་པོ་ཧཱ་ཝཱ་གཙུག་ལག་ཐིམ་པ་ལས།།

འཛམ་གླིང་གསལ་བའི་ཟླ་བར་གྱུར་པ་ཀུན་གྱིས་འཛུམ་མདངས་འོད་ཟེར་འཐུལ།།

དམ་བཅའ་གསུམ་པོ་རྒྱན་དུ་འདོགས་པའི་གངས་ཅན་གཞོན་ནུ་གསར་པ་དེས།།

ཚོར་འདུ་ཉོབ་པའི་ན་གཞོན་རྣམས་ཀྱང་འཛམ་གླིང་སྟེགས་སུ་དྲངས་ངེས་སོ།།


བྱང་བུ།:



2011.02.10 06:20:00

སྣང་བ་ལགས།

ཞོགས་པ་ཁྱེད་ཀྱི་འཛུམ་མདངས་མཐོང་བ་ལ་སྐམ་པས་ཆུ་འདོད་དང།

ཕྱི་དྲོ་ཁྱེད་ཀྱི་འཛུམ་མདངས་བསྡུ་བ་ལ་མགོན་མེད་འཇིགས་སྣང་ཞིག་སྐྱེས།

ཁྱེད་མེད་ན་ཅི་ཡང་མི་མཐོང་ལ་གདུག་ཅན་སྲིན་པོའི་ཚོགས་ཀྱང་འཕེལ་ངེས་སྙམ།

བྱང་བུ།:



2010.12.20 04:48:25

སུན་སྣང་གི་འཁུན་སྒྲ་དེ་སིམ་མེར་གྱི་དབྱིངས་སུ་མཆེད་།

རྙོག་འཛིང་གི་ཁྲ་ལམ་དུ་སེམས་ཆུང་གིས་གཞི་རྟེན་འཚོལ།

འཚོལ་རྟེན་ཡ་འཚོལ་རྟེན་་་་་་་་་་་ང་ཁྱོད་ལ་དགའ།།


ངོ་གདོང་གི་རི་མོ་དེ་སེམས་ཁྱོད་ཀྱི་གསང་མྱུལ་གོ།

གྲགས་ཚོད་ཀྱི་མཚོན་མིན་སྐྱོ་ངལ་གྱི་དུར་ཁར་བསྐྱུར།

ཡིད་ཆེས་ཡ་ཡིད་ཆེས་་་་་་་་་་་་་ཁྱོད་འཚོལ་ཨེ་ཡོད།།


ཁྱོད་ང་ཡི་སྙན་ངག་གི་སློབ་དཔོན་དང་ངེས་འབྱུང་གི་ཕ་མ།

ཁྱོད་ང་ལ་སྐྱོ་སྣང་ཞིག་མ་སྟེར་ན་ངས་རྡོག་འགྲོས་གང་དུ་རྒྱག།

ངོ་མ་ཁྱོད་དྲིན་ཅན་ཡིན།།


ངུ་མ་དགོད་ཀྱི་སྐད་ཆ་དེ་ཁྱོད་ལ་མི་ཚོར་སྐམ་དུ་་གནས།

ངས་མི་ཤེས་པ་ནི་ངོ་མ་མི་ཤེས་པ་ཡིན།

མིག་བཙུམས་ནས་འཆོངས་དགོས་སམ།

ཧོ་་་་ང་དྲང་བདེན་ལ་དགའ་སྟེ་དེས་ལྷོད་མེད་གཏིང་གི་སྤྲོ་སྣང་སྦྱིན།།

 


བྱང་བུ།:



2010.11.30 06:19:05

བརྩོན་འགྲུས་མེ་ལྕེའི་རླབས་ཕྲེང་མཁའ་རུ་འཕྱུར།།

སྒྲིབ་གཉིས་གདོན་ཆེན་སྟུག་པོ་ལྷག་མེད་བསྲེགས།།

ཚེ་གཅིག་མཆོག་གི་གོ་འཕང་མཐོར་གཤེགས་པའི།།

རྣལ་འབྱོར་དབང་ཕྱུག་སྤྱི་བོའི་གཙུག་གིས་འཛིན།།


བྱང་བུ།:



2010.11.07 09:05:04

རྣམ་རྟོག་འཁྱམ་པོས་ཁོག་ཏུ་འཚང་ཡང་འབོད་སྒྲའི་ལམ་བུ་སེམས་ཀྱིས་འགོག།།

གཡོ་ཁྲམ་ཝ་མོས་སྤྱང་གྲུང་བདེ་ཡང་ཡིད་ཆེས་ལྐུག་མོས་སྦར་མོ་ཤོར།།

ཆུ་ཤེལ་འཕང་བར་མལ་དུ་བསྒོམས་ཀྱང་ཁྱོད་ཀྱིས་ཁོང་ཁྲོའི་འདུ་ཚོགས་བསྐངས།།

ཚངས་པའི་དབྱངས་ཀྱི་རྟ་རུ་བླངས་ཀྱང་ཁྱོད་ཀྱིས་མི་གཙང་དགུ་དཀྱོག་བསྒྱུར།།


བྱང་བུ།:



2010.10.24 04:08:23

 

 

ཚོར་འདུ་སྙིང་དུ་ལྡིར་བའི་འབོད་སྒྲ་ལས།།

སེམས་ཀྱི་གོམ་བགྲོད་འཁྱོར་བའི་གར་སྟེགས་སུ།།

ཧམ་སེམས་ལག་རྡུམ་བཅོས་པའི་མཇའ་ཚོན་གུར།།

མི་རྟག་སྒེག་མོའི་འཕང་བར་དེ་མར་ཡིབ།།


གདིང་སྤོབས་མཁར་བ་འཆང་ནས་སྒང་མཐོ་བའི།།

རི་བོའི་ངོགས་སུ་ཡིད་མཆིས་ལྷོད་ནས་བགྲོད།།

ཕྱི་ནང་མི་མཚུངས་རྫུན་པའི་མཁར་བ་ཡིས།།

ཇི་ཙམ་ཐེག་པ་སོམ་ཉིའི་གྲོགས་སུ་གྱུར།།


བྱང་བུ།:



2010.10.24 03:56:22

གོ་ལའི་ས་ཡི་ཐིག་ལེ་ཕྲ་མོ་ཞིག།

འོད་སྣང་འབྱིན་པའི་གོ་ལ་ཧྲིལ་པོ་གསལ།།

མི་རྟག་རྫས་ཀྱིས་མྱོས་པའི་བཟི་གཏམ་ཞིག།

རེ་ཞིག་འཕངས་ཏེ་ཏིང་འཛིན་མལ་དུ་བཞུགས།།


བྱང་བུ།:



2010.09.19 11:56:00

དར་ཆེན་དམར་པོ་ཕྱོགས་སུ་བསྒྲེངས་པ་དེ།།

གངས་ལྗོངས་བདག་དབང་ཟིན་པའི་མཚོན་རྟགས་མིན།།

བཙན་པོའི་རུས་ལས་སྐྱེས་པའི་མི་རྣམས་ལ།།

སེམས་ཀྱི་རྨ་སྒོ་རྒྱས་པའི་དུག་རྗས་ཡིན།།


བྱང་བུ།:



2010.08.30 10:54:32

མཁྱེན་བརྩེའི་དྲི་མེད་མཁའ་ལ་བསྒྱུར་བའི་རྨོངས་མུན་སེལ་བའི་ཉིན་བྱེད་དེ།

དུས་ཀྱི་འགྱུར་བའི་ཟླ་ལ་གཏད་པའི་གླིང་གསུམ་འགྲོ་བར་ལྡིང་སྐོར་བྱས།།

སྐྱོ་ངལ་སྤྲིན་གྱིས་ཇི་ལྟར་བསྒྲིབས་ཀྱང་ཞི་བདེའི་འོད་སྣང་འབར་བ་ལས།།

དུས་ཀྱི་ཁེམ་པར་ཡིད་ཐང་ཆད་པའི་གོ་སྐབས་ཆ་ཤས་ཅི་ཡང་མེད།།



བྱང་བུ།:



2010.08.17 10:20:45
འཆད་རྩོད་རྩོམ་པའི་གཡུལ་འགྱེད་ཀྱང་།།
སྡར་མས་མི་གཡོ་བརྟུལ་ཞུགས་གནས།།
བརྒལ་བརྟག་སྒོ་མོ་རབ་ཕྱེ་ཡང་།།
ཁྱོད་ལ་སྒོ་འཕར་དེ་བས་ལྕི།།
བྱང་བུ།:



2010.08.07 12:33:22

གནམ་ཨ་སྔོན་དབྱིངས་སུ་ཆུ་འཛིན་ལོང་ལོང་འཁྲིགས།།

ཕྱོགས་དྲག་རླུང་སྐྱུར་མོས་ལང་ཚོའི་མཛེས་སྡུག་བཅོམ།།

དགུང་སྐར་ཚོགས་ཁྲོད་ནས་བསིལ་བྱེད་བདག་པོ་ཡིས།།

གླིང་བཞི་རུ་དྲང་བདེན་ཚེ་སྲོག་འཚོལ་བཞིན་འདུག།


བྱང་བུ།: