The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

rasaphonya


2010.03.07 23:03:45

དེང་སང་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་དམིགས་ནས་དབྱིན་རྒྱའི་ཚིག་མང་པོ་བོད་སྐད་ནང་གསར་གཏོད་བྱེད་བཞིན་པ་དེ་ཡར་འཐོན་དང་དགའ་འོས་པའི་གནས་སྟངས་ཤིག་ཡིན་ནའང་།  སྤེན་ཁྱི་སྤེན་སྐད་ཀྱི་དཔེ་ལྟར་རིགས་འགྲེལ་གྱིས་ཕུང་གི་འདུག་པ་དཔེར་ན།

 དེང་སང་ཡ་ཧོ་མེ་སེན་ཇར་yahoo messenger ལ་ཨེ་མ་ཕོ་ཉ་དང་ཊེ་ཝི་ཊར་twitter ལ་འཕྲུལ་སྒྲ་དང་ཧོཊ་མེལ་hotmail ལ་འཁོལ་འཕྲིན་ཟེར་བ་ལྟ་བུ་རེད།  ཡ་ཧོ་དང་ཊེ་ཝི་ཊར་སོགས་ལ་ཨེ་མ་དང་འཕྲུལ་སྒྲ་ཟེར་མཁན་དེ་འདྲ་བཏགས་པ་དེས་མི་རིགས་དང་སྐད་ཡིག་ལ་ཕན་ཐོགས་བྱས་པ་མིན་པར་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལྐུགས་པ་བཟོས་པའི་བགྲངས་སུ་མི་འགྲོ་བའི་ངེས་པ་མེད།  འཛམ་གླིང་སྤྱིའི་འགྲོ་སྟངས་དང་མི་མཐུན་པར་ཡ་ཧོ་ལ་ཨེ་མ་ཟེར་བ་དེ་འདྲ་ལབ་བསྡད་ན་ཕྱིས་སུ་བོད་མི་ཞིག་གིས་ཡ་ཧོ་བེད་སྤྱོད་གཏོང་གིན་གཏོང་གིན་ཕྱི་རྒྱལ་བ་ཞིག་གིས་ཡ་ཧོ་ཁ་བྱང་ཡོད་པས་ཟེར་ན་ཧང་སངས་ནས་"མེད། ངས་ཨེ་མ་བེད་སྤྱོད་བྱེད་ཀྱི་ཡོད་"ལབ་རྒྱུའི་ཉེན་ཁ་ཡང་ཡོད། ལར་ན་དབྱིན་ཡིག་གི་མིང་ཚིག་ཚང་མ་བོད་སྐད་དུ་བསྒྱུར་ཐུབ་ཀྱི་འདུག་བསམས་ནས་བསྒྱུར་བསྡད་པ་ཡིན་ན། རྗེས་མ་མིའི་མིང་ཊེ་གྷར་ཝུཌ་tiger wood ལ་སྟག་གི་ཤིང་ཟེར་བ་དང་།  ཧོ་ལི་ཝུཌ་hollywoodལ་རྟག་སྔོན་གྱི་ཤིང་ཟེར་བ་དང་། ཕེ་རི་མན་freemanལ་རང་བཙན་མི་ཟེར་བ་ལྟ་བུ་དང་། ཀ་ཇོལ་kajol ལ་མིག་སྨན་ཟེར་བ་འདྲ་མ་ལབ་པའི་ངེས་པ་མི་འདུག་པས།  རྗེས་མ་འཛམ་གླིང་ནང་གི་མིའི་མིང་དེ་ཚོ་ཡང་ཧ་མི་གོ་བ་ཆགས་ཡོང་ཉེན་མེད་པ་རེད་མི་འདུག

འོ་ན་སྔོན་མ་རྒྱ་གར་གྱི་པཎ་གྲུབ་ནཱ་ག་ཇུ་ན་ལ་མགོན་པོ་ཀླུ་གྲུབ་དང་ཨརྱ་དེ་བ་ལ་འཕགས་པ་ལྷ་ཞེས་པ་ལྟ་བུ་བསྒྱུར་འདུག་པ་དེ་ཇི་ལྟར་ཡིན་ཞེ་ན།  དེ་ནི་མཁས་པ་དེ་དག་བོད་ལ་གྲགས་ཆེ་ཞིང་། ལྷག་པར་དེ་དང་དེའི་གཞུང་བོད་དུ་ཚང་བར་བསྒྱུར་དགོས་པས་དང་། ཁྱད་པར་དུ་མཁས་པ་དེ་དག་ལ་བོད་རང་གི་མིང་རེ་བཏགས་ལ་ཡིད་ལ་འཐད་ཅིང་བློ་ཐག་ཉེ་བ་དང་། དད་པ་སྐྱེ་བདེ་བའི་ཆེད་དུ་ཡིན་ནམ་སྙམ།  དེ་ལྟར་མ་ཡིན་ན། ན་ལེནྜ་དང་བྲི་ཀརྨ་ལ་ཤི་ལ་ཆོས་སྡེའི་མིང་དེ་ཚོ་ཡང་བོད་སྐད་དུ་བསྒྱུར་དགོས་པ་ལས་བསྒྱུར་ཡོད་ལུགས་མི་འདུག་པས་དཔྱད་པ་རེ་མཛོད།།


བྱང་བུ།:



2010.01.17 08:05:56

སྐྱ་རེངས་དྲ་ཚིགས་གསར་པ།

དྲ་ཚིགས་འདི་ནང་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་གསུམ་པ་ཕབ་ལེན་བྱ་ས་དང་། མི་སྣ་ཕན་ཚུན་ངོ་འཇལ་གྱིས་བགྲོ་གླེང་(video chat)ཞུ་ས་ཡང་ཡོད།

 

བོད་ཀྱི་རིགས་གཞུང་ལ་གཅེས་སྤྲས་ལྡན་པའི་ཟླ་མེད་གྲོགས་པོ་རྣམ་པ་ཡོང་ལ།

ཟླ་ཤས་རིང་གྷོ་གྷོལ་གྱི་དྲ་ཚིགས་ལ་འགྱུར་བ་བཏང་པའི་སྟོབས་ཀྱིས་ང་ཚོའི་སྐྱ་རེངས་བརྙན་དེབ་གཟིགས་སའི་དྲ་ཚིགས་འཐོར་ཏེ་རེ་ཞིག་གཟིགས་བདེ་པོ་མེད་པ་ཆགས་སོང་བས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ད་ལན་ཡང་འདི་ནས་ www.kyareng.com སྐྱ་རེངས་དྲ་ཚིགས་གསར་པ་ཞིག་སྒོ་ཕྱེ་ཡོད་པས་རྣམ་པ་ཚོའི་ཕྱག་གྲུ་མཉམ་འདེགས་ཀྱིས་ཕྱག་རོགས་གནང་སྐྱོང་ཡོད་པ་འཚལ།


དྲ་ཚིག་འདིའི་དམིགས་ཡུལ་ནི། འདི་ནས་འགྲེམས་སྤེལ་ཞུས་མི་ཐུབ་པའི་ས་གནས་ཚོར་སྐྱ་རེངས་དུས་དེབ་བདེ་བླག་གཟིགས་ཐུབ་པ་དང་། དྲ་ཚིགས་ཀྱི་ལམ་ནས་ནང་ཆོས་གཙོ་གྱུར་གྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ཡིན།

དེ་འདྲ་ཡིན་པར་སོང་ད་ནས་   This e-mail address is being protected from spambots, you need JavaScript enabled to view it  ཞེས་པའི་གློག་འཕྲིན་ཐོག་གསར་གྱུར་དང་རྒྱུན་ཤེས། ནང་ཆོས་ངོ་སྤྲོད། ཚན་རིག དེ་མིན་རང་འདོད་ཀྱི་བསམ་འཆར་སོགས་གང་མང་གནང་སྐྱོང་ཡོང་བ་ཞུ། འདི་ནས་རྩོམ་ཡིག་ལ་གཞིགས་ཏེ་སྐྱ་རེངས་དྲ་ཚིགས་ཀྱི་མདུན་ངོས་དང་ཟིན་བྲིས་སུ་རིམ་པས་འགོད་ཐབས་ཞུ་རྒྱུ་ཡིན།

སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་ཁང་ནས།

 

ད་ལྟ་རང་འདིར་གནོན་ནས་དྲ་ཚིགས་གསར་པར་ཕེབས་དང་།


བྱང་བུ།:



2009.11.10 14:29:30

ཀ་དག་སྟོང་པའི་རང་བཞིན་དབེན་པའི་རྟེན་འབྱུང་ཟབ་མོའི་མངལ་བཟང་ལས།
ཁ་དར་དཀར་པོས་རང་བཤིས་མཚོན་པའི་སྙིང་རྗེའི་བདུད་རྩི་སྲུབ་པ་ལས།
ག་དུས་ཡིན་ཡང་གདུལ་བྱའི་དོན་དུ་དབུགས་ཀྱི་རྒྱུ་བ་ཡན་འབུངས་པའི།
ང་རྒྱལ་རྒྱགས་པའི་ཁེངས་པ་བསྙིལ་པའི་འགྲོ་འདྲེན་གང་དེར་རྗེས་ཡིད་རངས།


བྱང་བུ།:



2009.10.16 14:10:02

དགོས་འདོད་ནོར་བུའི་འོད་ཀྱིས་ལྷ་ལམ་འགེངས།།

འགེངས་མེད་སྨྱུ་གུ་སྟོང་པས་མཛུབ་རྩེ་ནས།།

ནས་འབྲུ་ཐང་ལ་གཏོར་འདྲའི་དོ་ཟླ་རུ།།

རུ་ངར་ཤོག་བུ་ཁྲ་ཁྲ་འདི་ལྟར་བཟོས།།


བྱང་བུ།:



2009.10.02 04:40:03

གཟ་འཁོར་སྔོན་མའི་གཟའ་ཉི་མ་ནས་བཟུང་ད་བར་མོན་གྷོ་གཞིས་ཆགས་སུ་ཆར་པ་རྒྱུན་ཆད་མེད་པར་རྒྱབ་པ་ལས་ད་ཆ་སོ་ནམ་པ་ཚོའི་འབྲས་ཞིང་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་ཚོད་འདུག སྤྱིར་བཏང་བྱས་ན་དུས་རྒྱུན་དང་མི་འདྲ་བར་ལོ་འདིར་འབྲས་རྣམས་ཧ་ཅང་ཡག་པོ་སྐྱེས་ཡོད་ཀྱང་ད་ལྟའི་ཆར་ཞོད་ཀྱིས་འབྲས་ཕལ་མོ་ཆེ་ས་སྟེང་དུ་བསྙིལ་ཡོད། ད་དུང་མུ་མཐུད་ཆར་པ་དེ་འདྲ་བཏང་ན་རིང་མིན་འབྲས་རྣམས་རུལ་འགྲོ་ཡག་གི་ཉེན་ཁ་ཆེན་པོ་ཡོད་འདུག།


བྱང་བུ།:



2009.08.07 00:56:28

དགེ༵་ལེགས་ཡོན་ཏན་བྱེ་བ་འབུམ་གྱིས་བལྟམས།

ལུ༵གས་བཟང་འཛིན་མཁས་བློ་གསལ་འདུས་པའི་སྡེ།

རྒྱུ༵གས་ཀྱི་རྣམ་དཀར་ཐོས་བསམ་བགྱིས་པའི་དཔལ།

སྤྲོ༵ད་པའི་ངོ་མཚར་བྱ་བ་འཛམ་གླིང་རྒྱན།


བྱང་བུ།:



2009.08.01 03:47:43
ལོ་ཤས་སྔོན་ནས་ངའི་གྲོགས་པོའི་གྲོགས་པོ་ལོ་ན་སུམ་ཅུ་ལྷག་ཙམ་ལོན་པ་ཞིག་ལ་ནད་ཁྱད་མཚར་ཞིག་གིས་ཟིན་འདུག ནད་དེའི་བྱེད་ལས་ནི། ནད་དེས་མི་དེར་ན་ཚ་གང་ཡང་གཏོང་གི་མེད་ཀྱང་ནད་དེས་ཟིན་པ་ནས་མི་དེས་སྐད་ཆ་བཤད་ཐུབ་རྒྱུ་དང་རང་གི་ལུས་པོ་འགུལ་བསྐྱོད་གང་ཡང་བྱེད་ཐུབ་ཀྱི་མེད། སྟབས་ཡག་པ་ཞིག་ལ་མི་དེས་མིག་གིས་འགུལ་བསྐྱོད་བྱས་ནས་བརྡ་ཅུང་ཟད་སྟོན་ཐུབ་ཀྱི་ཡོད། ད་ལྟའི་ཆར་ཡང་མི་དེ་རང་ཉིད་མལ་ཁྲིའི་སྟེང་སྨན་ཁང་ཞིག་ནང་འགུལ་བསྐྱོད་མ་ཐུབ་པའི་འཚོ་བ་ལ་སྤྱད་ནས་བསྡད་ཡོད། མི་དེས་མིག་བརྡ་བྱས་པ་ལས་ཚིགས་བཅད་ཞིག་བསྟན་འདུག་པ་ད་ལན་འདིར་བཀོད་ན།

རྐྱེན་ངན་ཐོག་ཏུ་བབ་དང་མ་བབ་ལས།།

བྱང་བུ།:



2009.07.25 15:51:24

ད་རིང་ཞོགས་པ་ང་རང་རང་ཤག་གི་ལྒེ་ཁུང་ནས་བལྟ་སྐབས་ཨམ་སྡོང་གི་སྟེང་དུ་ཁྭ་ཏས་ ཕྲུག་གུ་བཞག་ཡོད་པའི་ཚོར་གནང་བྱུང་། འོན་ཀྱང་ཡ་མཚན་པ་ཞིག་ལ་བྱ་ཕྲུག་གི་སྐད་དེ་ནམ་རྒྱུན་གྱི་ཁྭ་ཏའི་ཕྲུག་གུ་དེ་ ཚོའི་སྐད་དང་གཏན་ནས་མི་འདྲ་བ་འདུག དེས་ན། ང་རང་དོགས་པ་ཟ་ནས་ཁང་པའི་ཐོག་ཀར་ཕྱིན་ནས་ཡག་པོ་བལྟས་པས་ཨམ་ཤིང་གི་སྟེང་རྒྱ་གར་གྱི་ཁུ་བྱུག་སྟེ་cuckooཀུ་ཀུའམ་རྒྱ་གར་སྐད་དུ་ཀོ་ཡལ་koel or koyalཞེས་པའི་བྱ་གཉིས་འདུག ངོས་ཀྱི་བསམ་པར། ཡ་་་ཨམ་ཤིང་སྟེང་ཁུ་བྱུག་གིས་ཕྲུག་གུ་བཞག་འདུག་བསམ་པའི་མོས་ལ་བྱ་ཁྭ་ཏ་ཞིག་དེར་ཡོང་ནས་དེ་གཉིས་ལ་ཁ་ལག་སྤྲད་སོང་།


བྱང་བུ།:



2009.07.17 01:20:36

ཀ་ན་ཏ་ཡི་བྱང་ཕྱོགས་མོན་གྷོ་ནས།།
ཁ་ན་ཌ་དང་ཨ་མི་རི་ཀ་རུ།།
ག་འདྲ་བྱས་ནས་འཕུར་ན་སྙམ་པ་ཡི།།
ང་ཡི་གྲོགས་པོ་འགའ་ལ་ཚིག་གསུམ་ཞུ།།


བྱང་བུ།:



2009.07.08 03:34:49

མོན་གྷོ་གཞིས་ཆགས་ནང་ཕག་པ།

ཁ་སང་༸གོང་ས་མཆོག་གི་འཁྲུངས་སྐད་ཉིན་ང་རང་མོན་གྷོ་ས་གནས་ཀྱི་མི་མང་ཚོས་དུས་རྒྱུན་བསངས་གསོལ་བྱེད་སའི་ནོར་བུ་རིར་བསངས་སྲོལ་ལ་ཕྱིན་ནས་ཚུར་ལོག་ཡང་སྐབས། ལམ་ཟུར་གྱི་མི་ཚོའི་སྐད་ཆའི་ནང་དེང་སང་གཞིས་གྲོང་གསུམ་པའི་གསེང་ལམ་དུ་ཕག་པ་ཁ་ཤས་འདུག་ཟེ་ལབ་གྱི་འདུག


བྱང་བུ།:



2009.07.03 06:19:18

གྲོགས་པོ་ཞིག་གིས་བོད་ནས་ང་ལ་གློག་འཕྲིན་ཞིག་བརྒྱུད་ནས་གཤམ་གྱི་རྨུ་ཐག་དུས་དེབ་ཕབ་ལེན་བྱ་སའི་དྲ་རྒྱའི་ཁ་བྱང་གནང་འདུག་ཅིང་། ཁོང་གི་བཙན་བྱོལ་དུ་ཡོད་པའི་སྤུན་ཟླ་ཚོས་དུས་དེབ་ལ་གཟིགས་ཐུབ་པའི་རེ་བ་གནང་འདུག།དེའི་ཕྱིར་ངོས་ནས་རྨུ་ཐག་དུས་དེབ་ཀྱི་ངོ་སྤྲོད་དང་དྲ་ཚིགས་ཁ་བྱང་འདིར་བཤུས་པ་ཡིན།http://tbmuthak.googlepages.com


བྱང་བུ།:



2009.06.18 14:33:13

གྲོགས་པོ་ལགས།

སྐྱ་རེངས་དྲ་རྒྱ་www.kyareng.comཟེར་བ་དང་ཟིན་བྲིས་http://kyareng.blogspot.com/ཟེར་བ་ཞིག་སྐྲུན་འདུག་ཞིང་དེར་གང་མང་མང་ཕེབས་རོགས་གསུངས་ཀྱི་འདུག་ག།

གལ་ཏེ་རྣམ་པ་ཚོར་དྲ་ཚིགས་དེ་འདྲ་ངོ་སྤྲོད་གནང་ཡག་ཡོད་ན་གཤམ་དུ་གསུངས་རོགས།  རང་སྒེར་དྲ་ཚིགས་ཡིན་ནའང་ཡག་པོ་ཡོད་ས་རེད།


བྱང་བུ།:



2009.06.18 01:39:43

ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང༌།།

ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས།

ག་ས་གང་དུ་ཡོད་པའི་མི་འདི་རྣམས།།

ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང༌།།


བྱང་བུ།:



2009.06.12 02:40:02

སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་འདོན་ཐེངས་གསུམ་པ་དེ་རིང་འདོན་སྤེལ་བྱས་ཟིན་ཅིང༌། བརྙན་དེབ་ནང་ཤོག་ངོས་བརྒྱད་ཅུ་དང་པར་རིས་སོགས་ཡོད་ལ། དཀར་ཆག་ནང་ནང་ཆོས་ངོ་སྤྲོད་སོགས་

སྡེ་ཚན་མི་འདྲ་བ་༢༢བཅས་ཡོད། དེབ་རེར་དགོས་མཁོ་དང་བསྟུན་ནས་ཧིན་སྒོར་༣༥་བྱས་ཏེ་བླུགས་ཡོན་དུ་ཕུལ་གྱི་ཡོད་ཅིང་གལ་ཏེ་དུས་དེབ་ཐོག་ཉིད་ཀྱི་རྩོམ་ཡིག་འཁོད་ཡོད་ན་རིན་མེད་དུ་འབུལ་ ལམ་ཞུ་གི་ཡོད།སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་འདོན་ཐེངས་བཞི་པ་ནི་འདི་ལོའི་ལོ་མཇུག་ཏུ་ འདོར་འཆར་ཡིན་ན་རྩོམ་པ་པོ་རྣམས་ཀྱིས་རིངས་པར་རྩོམ་ཡིག་གི་ཞལ་འདེབས་གནང་རྒྱུ་ཡང་མི་བརྗེད་པ་མཁྱེན། www.kyareng.com ནས་བཤུས།


བྱང་བུ།:



2009.05.29 01:29:14
ཐོག་མར་ངས་ཧི་མ་ལ་ཡ་བོད་ཡིག་བཟོ་བ་པོ་དང་སེར་སྨད་བློ་བཟང་སྨོན་ལམ་དང་སྨོན་ལམ་ཡིག་གཟུགས་ཐད་རོགས་རམ་གནང་མཁན་ཡོང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

འདིར་ངས་བཤད་འདོད་པ་ནི།  ལོ་ངོ་དྲུག་ཙམ་གྱི་རིང་ངས་གློག་ཀླད་བེད་སྤྱོད་བྱས་པའི་བརྒྱུད་རིམ་ནང་བོད་ཡིག་གི་ཐོག་དཀའ་ངལ་མང་པོ་ཕྲད་མྱོང༌།

སྤྱིར་བཏང་འཛམ་གླིང་ནང་གློག་ཀླད་གཉེན་ཆས་ཁ་ཤས་ཡོད་ལས་གྲགས་ཆེ་བ་ནི་windowsལྒེ་ཁུང་དང་appleཀུ་ཤུ་ཟེར་བ་གཉིས་ཡིན་ན་དེ་དག་གི་ནང་ནས་
༡ དང་པོ་ལྒེ་ཁུང་གཉེན་ཆས་ནང་བོད་ཡིག་བཀོལ་སྤྱོད་ཐད་བཤད་ན།

ཕྱི་ལོ་བརྒྱད་ཅུ་ནང་ངས་ཀུ་ཤུའི་གཉེན་ཆས་ཅན་གྱི་གློག་ཀླད་གཅིག་མཐོང་ཡང་ལྒེ་ཁུང་གཉེན་ཆས་ཅན་དགུ་བཅུའི་ནང་ཐོག་མར་མཐོང་བྱུང༌། དེ་དུས་གཉེན་ཆས་ཌོ་སེ་DOSཟེར་བ་བེད་སྤྱད་ཀྱི་འདུག་ལ། ལྒེ་ཁུང་༩༥་གསར་དུ་འཐོན་པའི་སྒང་རེད། སྐབས་དེ་དུས་བོད་ཡིག་བྲི་བར་ངེས་པར་དུ་ཌོང་གྷོལ་ཟེར་བ་རྡོག་རྡོག་ཞིག་རྒྱ་གར་གྱི་གྲོང་ཁྱེར་Puneཔུ་ན་ནས་ཉོ་དགོས་ཀྱི་འདུག  །ཡིག་གཟུགས་ཡག་པོ་འདུག།།འོན་ཀྱང་རིམ་པའི་དུས་གྱུར་གྱིས་རྐྱེན་པའི་ལྒེ་ཁུང་༩༨པ་དང་ལྒེ་ཁུང་༢༠༠༠དང་ལྒེ་ཁུང་xpཨེཀ་སེ་པི་དང༌། ཨེཀ་སེ་པི་ཁྱིམ་སྤྱོད་xp home editionདང་proffessionalམཁས་སྤྱོད།  ཨེཀ་སེ་པི་དཔར་གྱི་ལྟེ་གནས་media center editionདང༌། ལྒེ་ཁུང་ཝི་སི་ཏ་vistaསོགས་འཐོན་སོང༌། གོང་སྨོས་བོད་ཡིག་དེ་ལྒེ་ཁུང་བརྒྱད་པ་windows 98ཕན་ལ་བེད་སྤྱོད་མེད་པ་ཆགས་པ་རེད། དེ་སྐབས་བཙན་བྱོལ་བོད་གཞུང་གིས་ཌོང་གྷོལ་ཟེར་བའི་རྡོག་རྡོག་དེ་འདྲ་མི་དགོས་པའི་ཊི་སི་ཨར་སི་tcrcཟེར་བའི་བོད་ཡིག་བརྙན་ཆས་བཏོན་གནང༌། འོན་ཀྱང་གཉེན་ཆས་དེར་ཡིག་གཟུགས་མི་འདྲ་བ་གཉིས་youtso/boyigཙམ་ལས་མེད།
   
   དེ་ནས་བློ་བཟང་སྨོན་ལམ་ལགས་ཀྱིས་རང་སྒེར་གྱི་རང་སྦྱོང་བྱས་ནས་སྨོན་ལམ་ཡིག་གཟུགས་དང་པོ་བཏོན། དེར་ཡིག་གཟུགས་ཁག་པོ་མང་ཡོད་པས་མ་ཚད་དབུ་མེད་སོགས་ཀྱང་ཡོད།།   འོན་ཀྱང་གོང་གསལ་ཡིག་གཟུགས་ཚང་མར་སྔགས་ཡིག་འབྲི་དུས་སྔགས་ཡིག་རྩེག་མི་ཐུབ་པའི་དཀའ་ངལ་ཡོད་པར་སོང༌། བློ་བཟང་སྨོན་ལམ་གྱིས་སྨོན་ལམ་གཉིས་པ་བཏོན་པ་རེད།  སྨོན་ལམ་གཉིས་པའི་འཐེབ་གཞོང་ཅུང་མི་འདྲ་བ་ཡོད། དེ་ལྟར་སྨོན་ལམ་གཉིས་པ་བཏོན་པ་ལས་སྔགས་ཡིག་གི་དཀའ་ངལ་བསལ་བ་ལྟ་བུ་ཡིན་ནའང༌། འཐེབ་གཞོང་ཅུང་ཟད་བེད་སྤྱད་དཀའ་བ་དང༌། རྒྱལ་སྤྱིའི་གཅིག་གྱུར་གྱི་ཨང་རྟགས་ཐོག་བཟོས་མེད་པ་རེད།   དེ་ནས་བོད་ནང་ནས་མི་ཞིག་སྐད་བཏང་ནས་ལྒེ་ཁུང་གཉེན་ཆས་ཚོགས་པས་ཧི་མ་ལ་ཡ་བོད་ཡིག་དེ་བཟོས་པ་རེད། ཡིག་གཟུགས་དེ་ནི་ལྒེ་ཁུང་གཉེན་ཆས་ཚོགས་པའི་ཝི་སི་ཏ་གཉེན་ཆས་གསར་པ་ཚོ་དང་མཉམ་དུ་དང་པོ་ནས་ཡོང་གི་ཡོད་ཅིང༌། ལྒེ་ཁུང་གཉེན་ཆས་དྲ་རྒྱ་འཐེན་ཆེད་ཨང་༧་windows internet explorer 7ཕན་ལ་རང་ཆས་སུ་བོད་ཡིག་འཆར་རྒྱུ་ཡོད། དེས་ན་ཁྱོད་ཀྱི་ལྒེ་ཁུང་གཉེན་ཆས་ཅན་གྱི་གློག་ཀླད་ནང་བོད་ཡིག་ཡག་པོ་མ་ཤར་ན་དྲ་རྒྱ་འཐེན་ཆས་ཨང་༧་པའམ་བྱུང་ན་ཨང་༨་བླུགས་དགོས། ཨང་བརྒྱད་པ་བླུགས་མ་ཐག་བོད་ཡིག་ཡག་པོ་མི་འཆར་བ་འདྲ་པོ་བྱ་ངེས་ཀྱང་ཆུ་ཚོད་ཁ་ཤས་རྗེས་ཡག་པོ་ཤར་ངེས་རེད། མ་གཞི་ཡིག་གཟུགས་སྒྲིག་བྱེད་ཀྱི་བརྡ་དཀྱོག་དཀྱོག་ཅན་གྱི་compatibillityཞེས་པའི་བསྣོན་ས་ཞིག་ཁ་བྱང་འབྲི་སའི་ཟུར་དེར་ཡོད་པ་དེར་གནོན་ན་དཀའ་ངལ་སེལ་གྱི་རེད།  དེས་ན་ཧི་མ་ལ་ཡ་ཡིག་གཟུགས་དེའི་ཐོག་ཁྱོད་ཀྱི་བོད་ཡིག་གློག་འཕྲིན་སོགས་བདེ་བླག་གཏོང་ཐུབ་ཅིང་དྲ་ཚིགས་སུ་བོད་ཡིག་བདེ་བླག་བྲི་ཐུབ་པ་ཡོང་གི་རེད། འོན་ཀྱང་གློག་འཕྲིན་གཏོང་སྐབས་འབྱོར་ས་དེར་དྲ་རྒྱའི་གཉེན་ཆས་ཨང་༧་ཡན་དགོས།  འོན་ཀྱང་འདིའི་མཛུབ་བསྣོན་གོང་གསལ་ཚང་མ་དང་མི་འདྲ་བ་རེད།

   ཡིན་ན་ཡང་ད་ཆ་སྨོན་ལམ་གསུམ་པ་འདོན་པ་ནས་ཕལ་ཆེར་བཀའ་ངལ་མེད་པ་ལྟ་བུ་རེད་ཤག།།སྨོན་ལམ་གསུམ་པའི་ནང་ཡིག་གཟུགས་ཁག་བཅུ་གསུམ་ཙམ་འདུག་ལ། ཡིག་གཟུགས་དེ་ཚོ་ཡག་པོ་འདུག།།  མ་ཟད་ཡིག་གཟུགས་དེ་ཚོ་རང་འདོད་ལྟར་ཊི་སི་ཨར་སི་འཐེབ་གཞོང༌། པཎ་ཏི་ལ་འཐེབ་གཞོང༌། སྨོན་ལམ་གཉིས་པའི་འཐེབ་གཞོང༌། སོགས་ཀྱིས་བེད་སྤྱོད་གཏོང་ཆོག་འདུག།། མ་ཟད་ཕལ་ཆེར་སྨོན་ལམ་གསུམ་པ་ཡོད་ན་ཧི་མ་ལ་ཡ་རང་ཆས་སུ་ཡོང་གི་ཡོད་པ་འདྲ།

༢ ཀུ་ཤུ་གཉེན་ཆས་ཀྱི་ནང་སྔོན་མ་ནས་ཕལ་ཆེར་tibetanཟེར་བའི་བོད་ཡིག་ཡིག་གཟུགས་སྐྱོ་པོ་ཞིག་འདུག།།ཕྱིས་སུ་སམ་བྷོ་ཏ་ཟེར་བ་དང༌། ཡང་ཎི་ཐར་དྷ་སམ་བྷོ་ཏ་ཟེར་ཞིག་འདུག །དེ་ལ་དངུལ་སྤྲད་ནས་ཉོ་དགོས་འདུག   ཡིག་གཟུགས་དེ་དག་འབྲི་དཀའ་བ་མ་ཟད། བཟོ་ལྟ་ཡང་དེ་ཙམ་ཡག་པོ་མེད། ད་དུང་ལྒེ་ཁུང་གཉེན་ཆས་ཡོད་སར་ཁྱེར་ན་འཆར་མི་ཐུབ་པ་བཅས་ཀྱི་སྐྱོན་ཡོད།
ད་ཆ། ཀུ་ཤུ་གཉེན་ཆས་ཀྱི་ཆེད་སྨོན་ལམ་གསུམ་པ་ཡང་བཟོས་འདུག་པས་ཡིག་གཟུགས་ཡག་པོ་ཡོད་པས་མ་ཚད་བྲིས་རྒྱུ་ཡང་དེ་ཙམ་དཀའ་བ་མི་འདུག འོན་ཀྱང་ཀུ་ཤུ་གཉེས་ཆས་རྒྱུས་དྲ་ཚིགས་སུ་བོད་ཡིག་བྲིས་ན། ལྒེ་ཁུང་གཉེན་ཆས་ནང་ཡག་པོ་འཆར་ཐུབ་ཀྱི་མི་འདུག།

མདོར་ན། ཁྱེད་ཀྱིས་རང་གི་གློག་ཀླད་ནང་བོད་ཡིག་འཐུས་ཚང་བཟོ་དགོས་ནས་སྨོན་ལམ་ཡིག་གཟུགས་དང་གཉིས་གསུམ་ངེས་པར་དུ་བླུགས་དགོས་ཤིང་བྱུང་ན་ཧི་མ་ལ་ཡ་ཟུར་དུ་བླུགས་ན་ཡག་པོ་མེད་འགྲོ་བསམས།

༡ དེ་ཡང་སྨོན་ལམ་དང་པོ་བླུགས་པ་ཡིན་ན། ཊི་སི་ཨར་སི་རང་ཆས་སུ་ཡོད་ཅིང༌། ཤོག་ངོས་བཟོ་ས་pagemakerསོགས་ཀྱི་ནང་བོད་ཡིག་བདེ་བླག་བྲིས་ཐུབ།
༢ སྨོན་ལམ་གཉིས་པ་བླུགས་པ་ཡིན་ན། ཁྱོད་ཀྱི་གློག་ཀླད་ཀྱི་དྲ་ཚིགས་དེ་ཚོ་མིང་བོད་ཡིག་ཐོག་ཤར་ཐུབ་ཅིང༌། ཡིག་ཆ་དེ་ཚོར་བོད་ཡིག་ཐོག་མིང་བཏགས་ཆོག། །དེ་མེད་ན་ཁྱོད་ཀྱི་གློག་ཀླད་ཀྱི་བོད་ཡིག་དྲ་ཚིགས་ཀྱི་ཁ་བྱང་ལ་སྟོང་པ་གྲུ་བཞི་མང་པོ་ཤར་གྱི་རེད།
༣ སྨོན་ལམ་གསུམ་པ་བླུགས་པ་ཡིན་ན། ཁྱོད་ཀྱི་དྲ་ཚིགས་དག་ཏུ་བོད་ཡིག་བདེ་བླག་བྲི་ཐུབ་པ་མ་ཟད། ཧི་མ་ཡའི་ཡིག་གཟུགས་དེ་ཚོ་ཡང་རང་གི་གོམས་འདྲིས་གང་ལ་ཡོད་པའི་ཊི་སི་ཨར་སིའམ་སྨོན་ལམ་དང་པོ་དང༌། པཎ་ཊི་ཏ། སྨོན་ལམ་གཉིས་པ་སོགས་ཀྱི་འཐེབ་གཞོང་གཞིར་བཞག་བྲིས་ཐུབ།

དོགས་པ།
འོན་ཀྱང་ད་ཆ་ངས་སྨོན་ལམ་གསུམ་པ་pagemakerནང་བེད་སྤྱད་གཏོང་ཐུབ་མ་སོང་བས། དེ་ལྟར་གཏོང་རྒྱུ་ཡོད་མེད་དོགས་པ་ཟ་བཞིན་མཆིས།

བྱང་བུ།:



2009.05.25 03:54:58

 

ཀ་ཡེ་ཟེར་དུས་ཨ་ལན་འདེབས་མཁན་ང་ཚོ་བོད་ཀྱི་པུ་གུ་ཡིན།།

ཀ་བ་ལྟར་ཏུ་གཞུང་དྲང་གཟུང་མཁན་ང་ཚོ་བོད་ཀྱི་ཆོས་རྒྱལ་ཡིན།།

ཀ་མད་སུམ་ཅུས་ཆོས་ཕུང་བསྒྱུར་པོ་ང་ཚོ་བོད་ཀྱི་ལོ་ཙཱ་ཡིན།།

ཀ་དག་སྙིང་བརྩེས་འབངས་མི་སྐྱོང་བ་ང་ཚོ་བོད་ཀྱི་བླ་མ་ཡིན།།

 

ཁ་དང་ལག་པས་མ་ནི་བགྲངས་པ་ང་ཚོ་བོད་ཀྱི་རིག་གཞུང་ཡིན།།

ཁ་ཞེ་གཉིས་མེད་སྤྱི་དོན་བསམ་པ་ང་ཚོ་བོད་ཀྱི་གཤིས་ཀ་ཡིན།།

ཁ་ཆེ་ཕ་གླུའི་སྙིང་གཏམ་དྲོན་མོ་ང་ཚོ་བོད་ཀྱི་བསླབ་བྱ་ཡིན།།

ཁ་བ་དཀར་པོས་རི་ཀླུང་འགེབས་པ་ང་ཚོ་བོད་ཀྱི་ལུང་པ་ཡིན།།

 

ག་པ་ཅན་གྱི་མཁས་དབང་དེ་ཚོ་ང་ཚོ་བོད་ཀྱི་མེས་པོ་ཡིན།།

ག་འགྲོ་ས་ལ་བླ་མ་དྲན་པ་ང་ཚོ་བོད་ཀྱི་དད་པ་ཡིན།།

ག་སར་མི་ལ་འཛུམ་གྱིས་བསུ་བ་ང་ཚོ་བོད་ཀྱི་བཟང་སྤྱོད་ཡིན།།

ག་ནས་བལྟས་ཀྱང་ཡ་རབས་ལྡན་པ་ང་ཚོ་བོད་ཀྱི་སྣང་ཚུལ་ཡིན།།

 

ང་དང་ཁོ་ཞེས་གང་བྱུང་མི་རྩོད་ང་ཚོ་བོད་ཀྱི་བག་ཕེབས་ཡིན།།

ང་འཛིན་དགྲ་ལ་སྐྱོན་དུ་ལྟ་བ་ང་ཚོ་བོད་ཀྱི་ཆོས་ལུགས་ཡིན།།

ང་ཞེས་བྱང་ཆུབ་སེམས་དཔར་ཞེན་པ་ང་ཚོ་བོད་ཀྱི་ལ་རྒྱ་ཡིན།།

ང་ཚོ་ཁོང་ཚོ་ཚང་མ་བདེ་བ་ང་ཚོ་བོད་ཀྱི་ཕུགས་བསམ་ཡིན།།


བྱང་བུ།:



2009.05.22 06:30:56

བྱང་བུ།:



2009.05.21 06:10:22
ཨ་རོགས་དྲ་འཁྱམས་རྣམ་པ་ཚུར་ལ་གསོན།།
ཨི་ཁུང་ནང་དུ་ཙི་ཙི་འཚང་བ་བཞིན།།
ཨུ་ཚུགས་བྱས་ནས་སྐྱོན་བརྗོད་མ་བྱས་པར།།
ཨེ་ཡིན་མ་ཡིན་རིགས་པས་ལེགས་བརྟགས་ནས།།
ཨོ་འོ་དེ་འདྲ་མིན་སྙམ་ཟེར་ན་ལེགས།།

བྱང་བུ།:



2009.05.09 01:15:58

ཀ་ཡེ་ཉོན་དང་དྲ་གྲོགས་རྣམ་པ་ལ།།
ཁ་ཐུག་ང་ཡི་བསམ་འཆར་ཞུ་ཡག་ལ།།
ག་དུས་ཡིན་ཡང་དྲ་ཚིག་འདི་ཡི་ནང་།།
ང་ཞེས་ཕྱོགས་ལྷུང་བརྡ་འཕྲིན་མ་སྤེལ་རོགས།།

ཅ་ཅོའི་ཚིག་ངན་དོན་མེད་འདིར་བསྒྲགས་ན།།
ཆ་བཞག་མི་སྣའི་རྩོམ་ཡིག་སྤེལ་མཁན་ཉུང་།།
ཇ་ཁང་ལྟ་བུའི་ཁ་མཚར་ཤོས་མཁན་ཡང་།།
ཉ་མོ་བཞིན་དུ་ཆུ་བོ་བཟང་སར་བསྐྱོད།།


བྱང་བུ།:



2009.05.06 14:33:56
ཀ་ལི་ཨ་ལི་གྲངས་ཀས་མ་ཐེག་གོང༌།།
ཁ་དོག་དཀར་དམར་རྩོད་ལ་མཁས་པ་ཡི།།
ག་ས་ག་ནས་འདུ་བའི་རིགས་ལམ་པར།།
ང་ཡིས་བལྟས་ན་ངོ་མཚར་གནས་མང་མཐོང༌།།

ཅ་ཅོའི་སྐད་ཀྱི་གོ་བརྡ་མ་འཕྲོད་ཅིང༌།།
ཆ་རྒྱུས་སྤུ་ཙམ་མེད་པའི་མི་རྣམས་དང༌།།
ཇ་རྩམ་བཞིན་དུ་རིགས་པའི་གཞུང་ལུགས་ལ།།
ཉ་ཉུང་བཞིན་འདྲེས་ལྷན་ཅིག་རྩོད་པ་མཚར།།


བྱང་བུ།:



2009.04.27 08:27:10

བང་ཆེན་དྲ་རྒྱ་འཆར་འགོད་པའམ་སྟངས་འཛིན་པ་ལ་ཆེད་ཞུ།

ཁྱེད་རྣམ་པས་བང་ཆེན་དྲ་རྒྱ་ཡར་རྒྱས་བཏང་བར་དགའ་བསུ་ཐོབ་པ་འདུག །འོན་ཀྱང་ཁོ་བོས་སྐྱོན་ཆེན་པོ་གཉིས་མཐོང་བ་གསལ་པོར་ཞུས་ན།

དྲ་རྒྱ་དེར་དོ་བདག་གི་གློག་འཕྲིན་ཁ་བྱང་དང་མིང་བླུགས་པ་ཙམ་གྱིས་ཁོའི་མིང་ཐོག་ནས་ཟིན་བྲིས་འགོད་ཐུབ་པ་དེ་ནི་ཤིན་ཏུ་ནོར་འཁྲུལ་རེད་ཤག 

ཟིན་བྲིས་བརྒྱབ་པའི་ཡི་གེ་དེ་ཚོ་ཆུང་དྲགས་ནས་མིག་ལོང་གྲབས་བྱེད་ཀྱི་འདུག


བྱང་བུ།:



2009.04.26 18:31:47

དབུགས་རྟ་རྔ་ཙམ།

 

བདེ་སྐྱིད་དང་ཉི་འོད་ཀྱིས་དབེན་ཞིང་།

མེ་རླབས་དང་དངངས་སྐྲག་གི་འཚོ་བའི།

ང་རང་ཚོ།

དབུགས་རྟ་རྔ་ཙམ།

བདེ་སྐྱིད་ཀྱི་དོན་དུ་བྱིན་ཡ།

རང་དབང་དང་ཞུ་མར་གྱིས་དབེན་ཞིང་།

འདྲེ་ཤིག་དང་དུག་སྦྲང་གི་འཚོ་བའི།

ང་རང་ཚོ།

དབུགས་རྟ་རྔ་ཙམ།

རང་དབང་གི་དོན་དུ་བྱིན་ཡ།

 

ཤེས་ཡོན་དང་རང་སྐྱོང་གི་གོ་སྐབས་དབེན་ཞིང་།

གཉའ་གནོན་དང་ཚེ་གཡོག་གི་མི་ཚེ་འཚོ་བའི།

ང་ཚོ་བོད་པ་ཚོ།

དབུགས་རྟ་རྔ་ཙམ་ལས་མེད་ཀྱང་།

མི་རིགས་དང་རང་དབང་གི་དོན་དུ་བྱིན་དགོས་ཡ།


བྱང་བུ།:



2009.04.25 06:39:47
?

ངེད་ཅག་བོད་མི་ཚོས་ཁ་ནས་བོད་ཡོངས་རྫོགས་རང་དབང་ལེན་གྱི་ཡིན་རྗོད་ཀྱི་ཡོད་ཀྱང་།  ངོ་ཐོག་པཎ་ཆེན་ཆུང་སྲིད་གཅིག་པུའི་རང་དབང་ཡང་་ལེན་ཐུབ་ཀྱི་མེད་པ་ཡིན།


བྱང་བུ།:



2009.04.17 14:08:14


ཁ་བཤད་ཁ་རི་ཁ་ཐུག

ཁ་རི་ཁ་ཐུག་ཞུ་ཡག་ལ།
ཁ་སང་དེ་རིང་སྤྱི་ཚོགས་འདིར།།
ཁ་ཡ་དྲ་གྲོགས་རྣམ་པ་ཚོ།།
ཁ་ཤགས་ཡིན་ནམ་ཁ་གསག་ཡིན།།
ཁ་ཚོན་གཅོད་པར་མི་ནུས་པའི།།
ཁ་ཁྲལ་དེ་ལྟར་རྒྱུགས་པ་ལས།།
ཁ་རོག་བསྡད་ན་ཅིས་མི་བཟང་།།


ཁ་བཤད་ཅི་སྟེ་བྱེད་འདོད་ན།
ཁ་ནས་གང་འཐོན་འདིར་བྲིས་ནས།
ཁ་རྩོད་དེ་འདྲ་གནང་བ་ལས།
ཁ་ཚ་དགོས་ཐུག་གནས་དོན་དག།
ཁ་ཞེ་གཉིས་མེད་ཕན་སེམས་ཀྱིས།
ཁ་ལབ་ཚུལ་དུ་སྤེལ་ན་བཟང་།


ཁ་རལ་ཚིགས་བཅད་འཐོར་དཀྱོག་འདི།
ཁ་ཐུག་སུ་ལ་ཕོག་འགྱུར་ནའང་།
ཁ་སྐྱེངས་མཛད་ནས་མ་ཞུགས་པར།
ཁ་ལན་ཏོག་ཙམ་གསུངས་གནང་དང་།

ཐུགས་མ་ཆུང་། ཀུ་རེ་ཡིན།


བྱང་བུ།:



2009.04.15 06:43:56

ལེགས་བཤད་རྒྱ་མཚོ་ཧུབ་ཀྱིས་འཐུང་པ་ཡི།།

ལེགས་འབྱེད་བློ་གསལ་མཁས་པའི་མདུན་ས་རུ།།

ལེགས་བཟང་རྟེན་འབྲེལ་བཟང་བཟང་ཚུལ་དུ་ནི།།

ལེགས་ཉེས་ཚུལ་བྲལ་སྙན་ངག་གང་འདོད་བྲིས།།


བྱང་བུ།:



2009.04.13 11:09:06

ཀ་ཁ་མ་སྦྱོང་བྱིས་པ་དེ་ཚོ།།

ཁ་ནས་ཨེ་བི་སི་ཌི་གསུངས་དང༌།།

ག་རུ་ཕྱིན་ཀྱང་དབྱིན་ཇི་མ་གཏོགས།།

ང་ཚོའི་བོད་ཡིག་བེད་སྤྱོད་མི་འདུག།


བྱང་བུ།: