The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2010.09.22 08:33:17
གླེང་གཞི་ནག་པོ།།

གླེང་གཞི་ནག་པོ།།

ཡོད་ཚད་ཟློས་གར་རྩེན་པའི་སྔ་གཞུག་ན།།

ལྷང་ལྷང་འོད་དུ་འཚེར་བའི་རྒྱང་བལྟས་འོག།

བལྟས་བལྟས་མིག་གིས་རིག་པའི་ལྟད་མོ་ཞིག།

མུན་པའི་གསུབ་ཀར་འགྲིམས་པའི་སྔ་ལྟས་མཐོང་།།


རང་ཉིད་ཁྲོམ་འགྲེམས་བྱས་པའི་སྔ་ཉིན་ནས།།

ཉི་འོད་སྦར་མོས་འགེབས་པའི་ལས་གཞི་འདིས།།

རང་གདོང་རྗེན་མར་མངོན་པའི་འཁྲབ་ཚན་ཞིག།

རྒྱལ་ཁའི་གཏའ་མར་འཇོག་པའི་ལྟད་མོ་གདའ།།


 


བཅོས་མའི་འཛུམ་གྱིས་བསུ་བའི་ཟླ་འོད་འོག།

ས་གཞི་ཡུན་གྱིས་བསྐོར་བའི་རེ་ཞགས་འཕེན།།

རྒྱ་མཚོ་ཧུབ་ཀྱིས་བཏུང་པའི་གཏམ་རྒྱུད་ཅིག།

བྱེ་ཐང་རྒྱ་གྲོང་འགྲིམས་པའི་དཔའ་ཁར་རྒོད།།


ལྷག་བསམ་དར་ཆེན་མཁའ་ལ་བསྒྲེངས་ཤུལ་དུ།།

སླད་མེད་ལ་རྒྱ་སྨྲ་པའི་ཁ་གཡང་འདི།།

ཕངས་མེད་རྒྱལ་ཁམས་བསྐོར་ནས་གྲགས་ལུགས་ཀྱིས།།

དམར་པོའི་ཚོན་མདངས་བསྒྲིགས་པའི་ལས་འཆར་བརྩམས།།


མདའ་ཁ་ནང་དུ་གཏད་པའི་གནམ་འོག་ན།།

དཔའ་དར་གཞན་ལ་ཕུལ་བའི་བཀོད་འདོམས་འདི།།

སྲང་ཁ་མཐོ་དམའ་བརྩད་པའི་ལུགས་སྲོལ་གྱིས།།

དགྲ་ཁ་རང་ལ་ཕྱོགས་པའི་སྔ་ལྟས་ཡིན།།


འདོད་འཇོ་འོ་མཚོ་བསྲུབས་པའི་མདུན་ངོགས་ན།།

མགོ་བོ་བྲག་ལ་བརྡབ་པའི་སྔ་གཞུག་ཏུ།།

བྲག་ཅ་རང་གི་རྣ་བར་མི་ཚོར་ཡང་།།

ས་ཆེན་ལག་པས་འགེབས་འདི་ཡ་རེ་མཚར།།


ཁྲོམ་གཞུང་བྲེལ་གྱིས་བསྐོར་བའི་རྒྱུག་ལུགས་འདི།།

རྒྱལ་ཁའི་ལམ་བུ་འཚོལ་བའི་གཤམ་ངོགས་ན།།

གཞན་ངོར་དཀར་རྩི་གསོལ་བའི་ཐབས་ཚུལ་ཞིག།

ཡངས་པོ་རླུང་གིས་འཁྱེར་བའི་ལྟད་མོ་གདའ།།


སྤུས་ཚོང་དངོས་ཟོག་འགྲེམས་པའི་ཁྲོམ་ར་ན།།

ཁེ་དབང་ལས་ཀྱིས་བསྐྱུར་བའི་ཚོང་དཔོན་འགའ།།

ཚོང་དོན་བྲེལ་ཟིང་ཐེངས་ཤིག་བསླངས་ཙ་ན།།

ཅང་མེད་རྟ་སྒྲོ་སྟོང་པའི་རྡོག་ཁྲིས་བསྐྲུན།།


མ་ནིའི་དབྱངས་རྟ་གྱེར་བའི་གནམ་འོག་ན།།

ཤོག་བུ་རླུང་གིས་བདས་པའི་ཟུར་སྣེ་རུ།།

སྨག་རུམ་མུན་པ་འཐིབས་པའི་ལམ་ཆེན་ན།།

ལྗིད་ཚད་ལྷགས་པས་འཇལ་བའི་ཟློས་གར་མཐོང་།།



དྲོད་འཇམ་ཉི་འོད་ཚེར་བའི་གཤམ་འོག་ན།།

སྤྱི་སེམས་སྟོང་གཏམ་སྒྲོག་པའི་ཆུ་གཏེར་ངོགས།།

རང་དོན་ཁོག་ན་འཕྱོར་བའི་ཐལ་རྡུལ་གྱིས།།

འཇིག་རྟེན་མུན་པས་བསྒྲིབས་པའི་སྔ་ལྟས་ཤིག།


དཀར་གསལ་ཉིན་བྱེད་འབྱེད་པའི་ཐང་ཆེན་ན།།

གོར་གོར་འོད་ལ་འཁྲེང་པའི་ཨ་འཐས་ཀྱིས།།

མངོན་གསལ་རང་མཚང་འགྲེམས་པའི་གྲུ་ཁ་ནས།།

རྗེན་མའི་གར་གྱིས་གླེང་གཞི་ནག་པོ་བསླངས།།

༢༠༡༠། ༩། ༢༡ ཉིན་གྱི་དགོང་མོར་རང་ཤག་ཏུ་གློ་བུར་ཚོར་སྣང་ཞིག་གིས།།


བྱང་བུ།:


2010.09.22 04:43:16
སྟོང་བསམ་ཐོབ་ཏུ་མེད་པའི་འཇིག་རྟེན་འདིར།།
ན་བུན་སྨུག་རྒྱུའི་གསེབ་ཀྱི་ཝ་མོའི་ཁྱུ།།
ཁ་ཕྱོགས་ངོས་འཛིན་མེད་པར་རྨོངས་པའི་བློས།།
ངེས་མེད་རྒྱལ་ཁབ་སྐོར་འདོད་ངལ་བའི་རྒྱུ།།
སྙན་ངག་རིག་པས་ཡིད་ཀྱི་རྟོག་འགྱུ་ཀུན།།
ཀུན་རྟོག་ཕྱི་རུ་བརྗོད་པ་སྒྱུ་མའི་རྩལ།།
རྩལ་ཆེན་ཀུན་ལས་རྒྱལ་བའི་རིག་པ་འདི།།
འདི་ན་ཡོངས་སུ་གསལ་བས་བཀླགས་ན་སྙན།།
མིང་གི་དག་ཆ་སྒྲ་དོན་སྦྱོར་བའི་ཚུལ།།
ཚིག་གི་སྡེབ་སྦྱོར་སྙན་འཇེབ་རྩོམ་པའི་ཚུལ།།
བརྡ་སྤྲོད་སྙན་གཞུང་བཤད་པ་ཇི་བཞིན་ལས།།
ཧམ་པ་གྱ་ཚོམ་བྲིས་པ་མ་མཐོང་ངོ།།

 
2010.09.22 14:29:43
ཡོད་ཚད་རང་ལ་འཐོབ་འདོད་ཧམ་སེམས་ཀྱིས།།
གཞན་མགོ་ཐབས་ཀྱིས་སྐོར་བའི་གཡོ་སྒྱུའི་འཕྲུལ།།
རྨོངས་པའི་དུས་རབས་ཤིག་ཏུ་བྲིན་ནའང་།།
དུས་རབས་ཉེར་གཅིག་པ་ལ་རིན་ཐང་མེད།།

མི་ཆེན་བླ་ཆེན་འགའ་ཡི་ལག་སྦྲེལ་གྱིས།།
ཡོད་ཚད་ཁ་ལོ་བསྒྱུར་བའི་སྟོང་བསམ་འདིས།།
མི་མང་དཀྱུས་མ་མི་རུ་མི་བརྩི་ཡང་།།
དམངས་ཀྱི་རང་དབང་རང་གི་ལག་ན་ཡོད།།

ཆེན་པོའི་ངོ་སོ་འཚོལ་བའི་གྲུ་ཟུར་ནས།།
ཆུང་ངུའི་བསམ་ཚུལ་རླུང་ལ་བསྐུར་ནའང་།།
འདྲ་མཉམ་མང་གཙོ་ཅན་གྱི་སྤྱི་ཚོགས་འདིར།།
ཆེ་ཆུང་གི་ཀུན་གྱི་ཁེ་དབང་གཅིག་མཚུངས་ཡིན།།

ཆབ་སྲིད་འཁྲུག་ཆ་དོད་པའི་དྷ་ས་རུ།།
དམངས་སེམས་བསླུ་བའི་ཆོ་ག་མང་ནའང་།།
ཡོད་ཚད་ཕྱི་མར་བཅོལ་བའི་ཆོས་སྡེ་འགའ།།
ཆབ་སྲིད་འཁྲབ་པའི་སྡིངས་ཆར་གྱུར་པ་ཕངས།།

ཀུན་གྱིས་གོ་ས་འཚོལ་བའི་སྤྱི་ཚོགས་འདིར།།
ཁྱབ་བསྒྲགས་རྫུན་མས་རྩིག་ངོས་ཁེངས་ནའང་།།
དམངས་ཀྱི་ཡིད་ཆེས་མེད་པའི་འཁྲབ་སྟོན་ལ།།
རེ་འབྲས་སོན་པའི་གོ་སྐབས་ཤིན་ཏུ་ཕྲ།།

སྐུ་དྲག་མི་དྲག་ཁྱིམ་རྒྱུད་བཙན་སྡེབ་ཀྱིས།།
ཉམས་ཆུང་ཤེས་འཇོན་ཅན་ལ་གཙེ་ནའང་།།
ལེགས་ཉེས་བློ་གྲོས་ལྡན་པའི་མི་མང་གིས།།
གསེར་གྱི་དོ་ཟླར་བོང་བ་ཅིས་ཕྱིར་འཇོག།

འདྲ་མཉམ་མང་གཙོ་ཅན་གྱི་སྤྱི་ཚོགས་འདིར།།
ཁྱིམ་རྒྱུད་ཆེ་ཆུང་དཔུང་ཤུགས་མང་ཉུང་གིས།།
མི་མང་བཙན་གྱིས་བསྐུལ་བ་མང་ནའང་།།
བདེན་པའི་འབྲས་བུ་མི་འགྱང་མྱུར་དུ་གསལ།།

མཐོན་པོར་དགོས་པ་དབང་དང་གོ་ས་ཡིན།།
དམངས་ལ་དགོས་པ་འདྲ་མཉམ་ཐོབ་ཡང་ཡིན།།
ཧམ་སེམས་ཆེ་ཆུང་ཙམ་གྱི་ཁྱད་པར་ལས།།
དོན་དུ་གཅིག་ལ་དགོས་པ་ཀུན་ལ་དགོས།།

མང་གཙོའི་རིན་ཐང་ཉམ་ཆུང་རྣམས་ལ་མཁོ།།
བཙན་པོ་དབང་ཤེད་ཅན་ལ་རིན་ཐང་མེད།།
རང་གི་ཐོབ་ཐང་གིས་ལེན་པ་ལས།།
གཞན་གྱི་ཁེ་དབང་རྡོག་རོལ་གཏོང་ཐབས་མེད།།

ཨ་ཕོ་ལུག་རྫི་དཔོན་སར་རྔམ་ནའང་།།
ཉམས་མྱོང་ཤེས་ཡོན་མེད་ན་སྟོང་བསམ་ཡིན།།
མཚན་དང་སྙན་གྲགས་མེད་ན་དེ་བས་དཀའ།།
རང་ངོ་རང་གིས་ཤེས་ན་རྨི་ལམ་སྐྱིད།།

རང་གི་ཁེ་དབང་རང་གིས་སྤྱོད་པ་ལས།།
གཞན་གྱི་ཁ་ལོ་སྒྱུར་འདོད་ཧམ་སེམས་འདི།།
བླུན་པོ་ལྟོ་འདོད་ཅན་ལ་འགྲོ་ནའང་།།
རྣམ་དཔྱོད་བློ་གྲོས་ཅན་ལ་རིན་ཐང་མེད།།

སྙན་པའི་ཚིག་ལ་དོ་སྣང་མ་བྱས་པར།།
སེམས་ལ་གང་དྲན་ཐད་ཀར་བྲིས་པ་ལས།།
དབྱེ་འབྱེད་བཟོ་བཅོས་མ་བྱས་ཚིག་དུམ་འགའ།།
སོར་རྩེ་འཁྱུག་པའི་ལམ་ནས་འཕྲལ་མར་ཤོར།།

 
2010.09.22 16:42:28

དྲ་གྲོགས་ལགས།

གསུབ་ཀར་་་་་་་་་་་་་་་་་་་་་་་་་སྲུབ་ཀར། མིན་ནམ་སྙམ།
གཏམ་རྒྱུས་ཤིག།་་་་་་་་་་་་་་་་་་་་་་་གཏམ་རྒྱུད་ཅིག འབྲི་ན་མི་ལེགས་སམ།
སྨྲ་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྨྲ་བའི།
ཡངས་པོ་རླུང་་་་་་་་་་་་་་་་་་་་་་་ཡང་པའི་རླུང་།

འདི་ག་ཁྲིམས་ཁང་རྒྱུན་རིང་ཞིག་ལ་སྒོ་རྒྱབ་པར་བརྟེན་ཡིག་ནོར་ཁག་ལའང་དྭོགས་པ་ཟ་དགོས་ས་མང་པོར་གྱུར་འདུག་པས་ཟིན་བྲིས་པ་རང་གིས་ཀྱང་ཐུགས་སྣང་གནང་རོགས།