བོད་ཀྱི་བང་ཆེན། ཟིན་བྲིས། འབྲུག་རྒྱལ། དངུལ་ལས་གྲུབ་པའི་འཇིག་རྟེན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2010.12.02 23:12:57
དངུལ་ལས་གྲུབ་པའི་འཇིག་རྟེན།

ཕ་བླ་མར་དད་པའི་ཆོས་སེམས་ཤིག་ཡོད་ཅིང་། །

ལམ་སྒོམ་སྒྲུབ་འཇུག་ལ་སྙིང་སྟོབས་དེ་ཆེ་ཡང་། །

སྐྱབས་དད་རྗས་འབུལ་བའི་དངུལ་དམར་དེ་མེད་ན། །

རྗེ་བླ་མ་ཟེར་ན་འཇའ་མཚོན་ལྟར་མིན་འགྲོ། །


རྟེན་མི་ལུས་གནང་བའི་ཡབ་ཡུམ་གྱི་སྐུ་དྲིན། །

སེམས་བསམ་པའི་དབུས་ནས་འཇལ་འདོད་དེ་ཡོད་ཀྱང་། །

དྲིན་གསོ་བར་རིན་ཆེན་དངུལ་དམར་དེ་མེད་ན། །

བུ་རིགས་བཟང་ཟེར་ན་ཚིག་སྐམ་རང་མིན་འགྲོ། །

གཉེན་སྤུན་མཆེད་སྟོང་གི་འཁོར་དཀྱིལ་དུ་གནས་ཤིང་། །

གྲོགས་ཕོ་མོ་ཁྲི་ཡིས་ཕྱོགས་བཞི་རུ་བསྐོར་ཡང་། །

ཐུགས་འདོད་དོན་སྐང་བའི་དངུལ་དམར་དེ་མེད་ན། །

བུ་ཕོ་རབ་ཟེར་ཡང་ལབ་སྲོལ་ཙམ་མིན་འགྲོ། །

ལས་བཙན་པོའི་དབང་གིས་ཚེ་ཐོག་འདིར་ཐུག་ནས། །

སྙིང་དམར་པོ་དགའ་བའི་མཚོན་རྟགས་སུ་འཕུལ་ཡང་། །

ལུས་རྒྱན་ཆ་ཉོ་བའི་དབུལ་དམར་དེ་མེད་ན། །

རྟེན་འདུན་མ་ཟེར་ཡང་གནས་སྐབས་རང་མིན་འགྲོ། །

རྟེན་དལ་འབྱོར་མི་ལུས་རིན་ཆེན་དུ་བརྩི་ཞིང་། །

རྐུན་གཡོ་ཁྲམ་མེད་ན་རྒྱུད་བཟང་ཞིག་འདོད་ཀྱང་། །

རང་ཁ་ཕོ་གསོ་བའི་དངུལ་སྒོར་དེ་མེད་ན། །

ཁྱི་རྒྱ་བོ་ཞིག་གི་མཚུངས་ཟླ་རང་མིན་འགྲོ། །





2010.12.02 21:10:29
གནད་ལ་ཁེལ་བའི་སྙན་ཚིག་དེས་ཡིད་དབང་འཕྲོག་སོང༌།

 
2010.12.04 14:33:03
quest
No money, no honey.

 
2010.12.10 14:31:48
རྗེ་བླ་མར་དད་པ་དངུལ་དམར་གྱིས་མི་ཁུགས།།
དྲིན་ཕ་མའི་བྱམས་བརྩེ་དངུལ་དམར་ལས་ལྷག་པ།།
ཆུང་ན་ཟླའི་བརྩེ་དུང་དངུལ་དམར་དང་མི་བརྗེ།།
དོན་དམ་པའི་རིན་ཐང་གང་ཞིག་གིས་མི་མཚོན།།

དངུལ་དམར་པོས་མི་ཚེའི་འཚོ་བ་ལ་ཕན་ཡང་།།
ཚེ་གཅིག་གི་འདུན་མ་དངུལ་དམར་ལ་བཅོལ་ན།།
རང་མི་ཚེ་གཅིག་ལ་དངུལ་དམར་གྱི་གཡོག་པོ།།
རང་གཅིག་པུར་ཤི་དུས་འགྱོད་པ་ལས་ཅི་ཡོད།།


 
2010.12.11 13:43:53
ང་གསོན་དུས་བླ་མར་སྐྱབས་རྟེན་ཞིག་མེད་ན། །མགོན་འགྲམ་དུ་བཞུགས་ཀྱང་འབྲེལ་མེད་ཞིག་སྣང་གི། །
ང་ཤི་དུས་བླ་མར་བསྔོ་རྟེན་ཞིག་མེད་ན། །ལམ་བར་དོར་འགྲིམས་དུས་འདྲེན་དོན་དེ་མེད་ཀི། །
ང་མི་ལུས་གནང་བའི་ཡབ་ཡུམ་གྱི་བཀའ་དྲིན། །ཁ་ཚིག་འཇམ་ཞིག་གིས་གསོ་ཐབས་དེ་མི་འདུག །
དྲིན་ཕ་མ་ལུས་བདེ་སེམས་བདེ་ཞིག་སྐྲུན་པར། །དངུལ་དམར་པོ་མེད་ན་འགྲིག་ཐབས་དེ་མི་འགི། །
ས་འཇིག་རྟེན་འདི་ན་གོམ་ཁ་ཞིག་སྤོས་པར། །དངུལ་དམར་པོ་མེད་ན་མི་གྲས་སུ་མི་ཚུད། །
ང་བསེ་རུ་འདྲ་བའི་ཁེར་རྐྱང་ཞིག་མིན་སྟབས། །སྤུན་གཉེན་གྲོགས་བལྟ་བར་དངུལ་དམར་དེ་དགོས་ཀི། །
ང་ཚེ་སྟོད་ཚིག་སྐམ་དོན་སྟོང་ལ་སྐྱེལ་ན། །ང་ཚེ་སྨད་ཁ་སྐམ་ལྤགས་སྐམ་རང་འགྱུར་བར། །
ངའི་མི་ཚེ་རྒྱབ་རྟེན་གོ་གནས་ལ་བཅོལ་ན། །གོ་མི་ཆོད་ལ་ཁའི་ན་བུ་རང་འགྱུར་བར། །

 
2010.12.12 01:13:33

རྒྱུ་ནོམས་པ་ཁོ་ནར་དམིགས་མཁན་གྱི་བླ་མ།།
ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་མི་འཛིན།།
དྲིན་ཕ་མའི་ཞབས་འདེགས་སྒྲུབ་པ་ཡི་ཆེད་དུ།།
དངུལ་དམར་པོ་ཁོ་ནས་ཡོང་ཐབས་ཤིག་མི་འདུག།
ཁ་ཚིག་འཇམ་ཁོག་བཟང་བུ་ཕྲུག་ཅིག་ཡིན་ན།།
ཁ་ཚེ་སྨད་ཕ་མའི་ཞབས་ཞུ་ཞིག་ལོས་འགྲུབ།།
དངུལ་དམར་པོ་ཁོ་ནའི་འགྲིག་རེ་ཞིག་དགོངས་ནས།།
མི་གཞན་ཞིག་ཕ་མའི་གཡོག་པོ་རུ་བཞག་ཀྱང་།།
དོན་དམ་པའི་བྱམས་བརྩེའི་ཞག་རྩི་དེ་མེད་པར།།
མི་རྒན་པའི་བསམ་དོན་རི་མོ་དེ་འགྲུབ་དཀའ།།
ཚེ་འཇིག་རྟེན་འདི་ནས་གོམ་པ་ཞིག་སྤོ་བར།།
དངུལ་དམར་པོ་མེད་ན་མི་འགྲིག་པ་བདེན་ཡང་།།
ཚེ་གཅིག་ལ་དངུལ་དམར་གསོག་སྒྲུབ་ཀྱི་ཆེད་དུ།།
ནངས་སྔ་ལངས་འཕྱི་ཉལ་འདུར་རྒྱུག་གིས་བྲེལ་བར།།
གཡོག་བྱེད་སའི་སྦྱིན་བདག་ངོ་འཛུམ་གྱི་བར་ནས།།
མགོ་སྐྲ་ལོ་དཀར་བ་རང་ཉིད་ཀྱིས་མ་ཚོར།།
སྟབས་ཉེས་ན་ཕོར་བ་སྡེར་མ་ཡི་མཉམ་དུ།།
ཚེ་གཅིག་གི་འདུན་མ་གཞན་གཡོག་གིས་རྫོགས་ན།།
འགྱོད་ཆེ་ཡང་དེ་དུས་བཅོས་ཐབས་རང་ཨེ་ཡོད།།
མིའི་ཚེ་སྟོད་ཚིག་སྐམ་དོན་སྟོང་དུ་གྱུར་ན།།
ཚེ་སྨད་ལ་མྱོང་བ་རྒྱུ་འབྲས་ཀྱི་ཆོས་ཉིད།།
ཚེ་སྟོད་ཀྱི་རྒྱབ་རྟེན་གོ་གནས་ལ་བཅོལ་ན།།
གོ་ཆོད་མིན་རང་གི་འཇོན་ཐང་ལ་རག་ལུས།།
སྤྱིར་འདི་དང་དེ་ཞེས་ཐག་གཅོད་ཅིག་དཀའ་ཡང་།།
དོན་དམ་པ་རང་གི་བསམ་བློ་ལ་རག་ལུས།།
རང་སེམས་ལ་འགྲིག་པ་འགྲིག་པ་ཡི་མཐར་ཐུག།
གཞན་སུ་ལ་འགྲིག་མིན་བྱུས་གཏོགས་དེ་མི་འདུག།
མི་ང་འདྲའི་བླུན་རྨོངས་ཐ་ཤལ་ཞིག་ཡིན་ན།།
རྒྱ་དམར་པོའི་ཟ་ཁང་ལག་གཡོག་ལ་མི་རྒྱུག།
མགོ་དམར་པོའི་གསང་སྤྱོད་བཀྲུ་བ་ལ་མི་བརྩོན།།
འགྲིག་མེད་ཀྱང་རང་འགན་རང་ཉིད་ཀྱིས་ཁུར་ནས།།
ཁ་ཚེ་སྨད་རླུང་བུ་རང་འགམ་ལ་བརྩོན་ཆོག།
སེམས་གཏིང་ནས་དྲན་པའི་བསམ་ཚུལ་ཞིག་གླེང་བར།།
གྲོགས་རྣམ་པའི་ཐུགས་ལ་གཟན་པ་ཞིག་མ་གནང་།།
ཁ་ལག་པ་སེམས་དང་མཉམ་པོ་རུ་རྒྱུག་པ།།
བློ་དམན་པ་དབུལ་ཕོངས་ང་རང་གི་གཤིས་ཀ།

 
2010.12.12 04:42:24
མཛའ་མི་འགྱུར་རྒྱང་རིང་ཡིག་འབྲེལ་གྱི་གྲོགས་པོ། །
ངའི་ཟིན་ཁང་འདི་ནས་རྩོད་གཏམ་རེ་བཤད་དུས། །
ཁ་ཆོས་ཅན་གསུམ་གྱི་རྣོ་ངར་དེ་མེད་ན། །
དོན་ཕྱིར་ལོག་གོ་བས་ལམ་ནོར་དེ་ཐེབས་འགྲོ། །
རྗེ་བླ་མ་དངུལ་ལ་རྔམ་ཚུལ་དེ་བཤད་མེད། །
རང་སྐྱབས་རྟེན་མེད་ན་འདྲེན་འབྲེལ་དེ་མི་སྣང་། །
གནད་དེ་འདྲ་མིན་ན་དགོན་བླ་ཡི་དུང་དུ། །
དངུལ་རྟ་ཟོག་མང་པོ་འཕུལ་དོན་དེ་མི་འདུག །
ཁ་ཁོག་པ་མི་གཅིག་ཟློས་གར་གྱི་རང་བཞིན། །
སེམས་བསམ་པ་མི་གཅིག་ལྕེ་གཉིས་ཀྱིས་འཚོ་བ། །
ལྕེ་སོ་གཉིས་བར་ནས་རང་དབང་དེ་ཤོར་དུས། །
དོན་ངོ་མ་རང་ངོ་རང་ཉིད་ཀྱིས་མི་ཤེས། །
རྒྱ་དམར་པོ་བཤད་ནས་རྒྱབ་སྐྱོར་རེ་བཙལ་བ། །
བོད་ནང་ཁུལ་གླེང་ནས་ཕྱོགས་གཏོགས་རེ་སྒྲུབ་པ། །
འདི་བླུན་པོ་ང་ཡི་བྱ་ཐབས་ཤིག་མིན་པས། །
ངས་མངོན་སུམ་འཚོ་བའི་དྲོ་བ་དེ་མྱོང་འགྲོ། །
གདོང་ཐལ་ཞག་འཚུབ་ནས་སྐྱོ་གཏམ་རེ་བཤད་བཞིན། །
ལག་འཕྲེང་བ་བཟུང་ནས་མགོ་སེར་གྱི་མདུན་དུ། །
གཏམ་སྙན་པོ་བཤད་ནས་སློང་མོ་རེ་བརྒྱབ་པར། །
ངས་མི་འཇོན་མངོན་སུམ་འཚོ་བ་ལ་རོལ་འགྲོ། །
ཆོས་འཇིག་རྟེན་གཉིས་ཀྱི་ལམ་བུ་དེ་དེད་དུས། །
ལས་དགེ་སྡིག་གཉིས་ལ་གདིང་ཚོད་རེ་ཡོད་ན། །
ཁ་ལག་པ་སེམས་གསུམ་འདར་འདར་དེ་མ་བྱེད། །
ཚེ་འཆི་བདག་མདུན་ན་རང་མགོ་དེ་ཐོན་ཤིག །

 
2010.12.12 13:18:12
རྒྱུ་ནོམས་པའི་འབྲེལ་བ་མེད་པ་ཡི་བླ་མས།།
སེམས་གཏིང་ནས་དད་པའི་སློབ་མ་ཡི་ཚོགས་ལ།།
ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་པ་ཞིག་མེད་ན།།
མ་སེམས་ཅན་ཟེར་བ་སྟོང་གཏམ་དུ་གྱུར་འདུག།

སེམས་དད་པའི་ཀུན་སློང་བཅོས་མིན་ཞིག་ཡོད་ན།།
རྒྱུ་ནོམས་པ་འབུལ་བའི་རྣམ་གྲངས་ལ་མི་ལྟོས།།
བསྙེན་དགའ་མོས་མར་མེ་ཀོང་བུ་གཅིག་ཕུལ་བས།།
ཕྱིར་མི་ལྡོག་གོ་འཕང་ཐོབ་པ་ལ་གཟིགས་དང་།།

གཤིན་དད་རྫས་འབུལ་བ་རང་ཉིད་ཀྱི་ཚོགས་གསོག།
ཕུལ་མ་ཕུལ་རང་གི་འཁོས་འབྱོར་ལ་རག་ལས།།
སེམས་དད་པའི་ཨ་ལོང་བརྟན་པོ་ཞིག་ཡོད་ན།།
རྗེ་བླ་མས་ཐུགས་རྗེ་ལྕགས་ཀྱུ་ཡི་ལོས་འཛིན།།

ཁ་ཁོག་པ་མཚུངས་མིན་ཕྱི་ཚུལ་ནས་མི་ཤེས།།
དོན་དམ་པའི་ལག་ལེན་ངོ་མ་ཞིག་ཡོད་ན།།
རང་མི་རིགས་དོན་ལ་སེམས་ཁུར་ཞིག་དགོས་པ།།
བོད་མགོ་ནག་མི་རིགས་ཡོངས་རྫོགས་ཀྱི་འགན་ཁུར།།

རྗེ་བླ་མའི་གདམ་ངག་ཚོང་རྫས་སུ་བསྒྱུར་ནས།།
བོད་མི་རིགས་སྤྱི་དོན་ལྕེ་རྩེ་རུ་ཁུར་བཞིན།།
དོན་དམ་པའི་རང་དོན་ཁོ་ན་ལ་བརྩོན་མཁན།།
ངེད་གཉིས་ཀའི་དགའ་བསུ་ཞུ་ཡུལ་ཞིག་མ་རེད།།

མི་རེ་རེའི་འཚོ་བ་རོལ་སྟངས་ཀྱི་ཐད་ལ།།
འཐད་མི་འཐད་བཤད་པའི་ཐོབ་ཐང་དེ་མེད་པར།།
རང་དགའ་བའི་ལམ་བུར་རང་དབང་གིས་འཇུག་པ།།
ཚེ་འདི་ནས་རང་དབང་རང་འདོད་ཀྱིས་འདེམས་ཆོག།

ཚེ་ཕྱི་མའི་ལམ་ཆེན་འགྲིམ་པ་ཡི་ཉིན་མོར།།
གདེང་ཡོད་མེད་རང་སེམས་རང་ཉིད་ཀྱིས་ལོས་ཤེས།།
མི་གཞན་གྱི་སྡིག་སྒྲིབ་གཞན་དག་ལ་མི་འགོ།
ལས་དཀར་ནག་རང་ཉིད་གཅིག་པུ་ཡིས་ཁུར་དགོས།།

དོན་དམ་པའི་ལག་ལེན་བླང་དོར་གྱི་བསླབ་བྱ།།
སེམས་བསམ་པའི་གཏིང་ནས་དྲང་བདེན་གྱིས་གསུངས་པར།།
ལག་གཉིས་ཀའི་ཐལ་མོ་བར་མེད་དུ་བརྡབ་ནས།།
གྲོགས་ཁྱེད་ལ་དགའ་བསུའི་བསྔགས་བརྗོད་ཅིག་ལོས་ཡོད།།


ས་ཐག་རིང་ནུབ་ཕྱོགས་ཡུལ་གྲུ་རུ་བཞུགས་ཀྱང་།།
དུས་ནམ་རྒྱུན་དྲ་བའི་བརྒྱུད་ལམ་ནས་མཇལ་བ།།
ཚིག་སྙན་པ་དྲི་ཟའི་རྒྱུད་མང་དང་འགྲན་པ།།
དོན་ཟབ་པ་མི་ལའི་མགུར་མ་དང་མཚུངས་པ།།

ཕྱིའི་དངོས་པོར་འཛིན་པའི་ལྟ་ཚུལ་དེ་མི་གཅིག།
ནང་སེམས་པའི་ནང་གི་བདེ་སྐྱིད་ཀྱང་མི་འདྲ།།
དོན་དམ་པའི་སྙིང་གཏམ་ལྷུག་པོ་རུ་བཤད་ན།།
སེམས་བསམ་པའི་འདུན་མ་གཅིག་པ་རུ་གྱུར་ཡོང་།།