བོད་ཀྱི་བང་ཆེན། ཟིན་བྲིས། Lhamon ཁེ་ཕན་མི་འདྲ་བའི་ཤུགས་ལྡན་གྱི་རྩོད་རྙོག

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2008.12.20 20:18:37
ཁེ་ཕན་མི་འདྲ་བའི་ཤུགས་ལྡན་གྱི་རྩོད་རྙོག

ད་ལྟའི་དུས་ཚོད་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་རྩོད་རྙོག་ཧ་ཅང་ཉུང་ཉུང་ཡིན་ནའང༌། ཤུགས་ལྡན་སྐོར་གྱི་རྩོད་རྙོག་དེ་གཏན་ནས་འཇམ་ཐུབ་ཀྱི་མེད་པ་རེད། དེ་ལའང་རྒྱུ་མཚན་མི་འདྲ་བ་གཉིས་ཀྱི་ཐོག་ནས་འཇམ་ཐུབ་ཀྱི་མེད་པ་དང༌། དེ་ཡང་ཁེ་ཕན་དང་འབྲེལ་བའི་ཆ་ནས་རྩོད་རྙོག་དེ་ཞི་འཇམ་དུ་འགྱུར་ཐུབ་ཀྱི་མེད་པ་དང༌། ཁག་ཅིག་གིས་སྒེར་ནད་སྤྱི་སྤུངས་ཀྱི་ཐོག་ནས་རྩོད་རྙོག་དེ་ཞི་འཇམ་དུ་གཏོང་མི་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་པའི་ཚོར་སྣང་བྱུང༌།


དང་པོ་ཁེ་ཕན་དང་འབྲེལ་ནས་ཞི་འཇམ་མི་ཐུབ་པ་དེ་ལ་མཚོན་ན་ཕྱོགས་གཉིས་ནས་ཡོང་བཞིན་ཡོད་པ་དང༌། གཙོ་ཆེ་ཤོས་ནི་དོལ་རྒྱལ་ཁ་ཁྱེར་བ་རྣམས་ཡིན་པ་དང༌། ཁོང་རྣམས་ཀྱི་ངོས་ནས་རང་ངོས་ནས་འདོར་ཐབས་མེད་པའི་ཁེ་ཕན་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་རེད། རྒྱུ་མཚན་ནི་ལོ་འདིར་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་བོད་དོན་ཛ་དྲག་གཉན་འཕྲང་གི་དུས་སྐབས་ཤིག་ཏུ༸གོང་ས་མཆོག་ལ་སྐུར་འདེབས་བྱེད་པ་ཙམ་དུ་མ་ཟད། དངོས་སུ་ངོ་རྒོལ་སྐད་འབོད་བྱེད་མཁན་ཡང་བྱུང་བ་སོགས་ཕྱོགས་གང་ཐད་ནས་བསམ་ཡང་དོལ་རྒྱལ་གྱི་རྩོད་རྙོག་གཅིག་པུའི་ཆེད་དུ་མིན་པར་ད་དུང་རྒྱབ་ལྗོངས་རིང་པོ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ཁོང་ཚོས་འཐོབ་བཞིན་པའི་ཁེ་ཕན་དེ་མ་ཆད་ཀྱི་བར་དུ་རྩོད་རྙོག་དེ་ཡང་མཚམས་འཇོག་མི་སྲིད་པ་ཞིག་རེད། དོན་དངོས་ཐོག་མི་འདི་དག་ནི་བོད་པའི་བླ་བཙོང་དང༌། རྐང་འདྲེན་ངོ་མ་དག་རེད།

ཕྱོགས་གཅིག་ནས་དོལ་རྒྱལ་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་མིང་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་བ་དང༌། གསལ་བསྒྲགས་འདྲ་མིན་སྤེལ་བྱེད་མཁན་ཁག་ཅིག་ཀྱང་ཡོང་གི་འདུག ཁོང་ཚོ་ལ་མཚོན་ནའང་ཁེ་ཕན་ཞིག་གི་ཆེད་དུ་དམིགས་བཞིན་ཡོད་པ་ལྟ་བུ་འདུག དོན་དངོས་ཁོང་ཚོས་དོལ་རྒྱལ་རྗེས་འབྲངས་པ་རྣམས་ལ་ངོ་རྒོལ་བྱས་པ་ལས། དོལ་རྒྱལ་མི་བསྟེན་མཁན་གྱི་གནད་ཡོད་མི་སྣ་མང་པོ་ཞིག་ལའང་དངོས་ཤུགས་བརྒྱུད་གསུམ་ནས་མཚན་སྨོད་བྱས་པ་མང་བ་སོགས་ཡང་སྙིང་ཁོང་ཚོས་ཅི་ཞིག་དམིགས་བཞིན་ཡོད་མེད་ཀྱང་བཤད་དཀའ་བ་ཞིག་རེད། སྐབས་རེ་ན་ཚ་དེ་དག་ཁང་ཚན་བར་གྱི་རྩོད་རྙོག་ཅིག་ལ་བརྟེན་ནས་ཡོང་བཞིན་ཡོད་པ་ལྟ་བུ་དང༌། སྐབས་རེ་ཆོལ་ཁའི་ན་ཚ་ཞིག་ལ་བརྟེན་ནས་ཡོང་བཞིན་ཡོད་པ་ལྟ་བུ་དང༌། སྐབས་རེ་གང་ཟག་སྒེར་ཁག་ཅིག་དུས་རྒྱུན་སྣང་བར་མི་འགྲོ་བའི་རྒྱུ་མཚན་ལ་བརྟེན་ནས་མི་དེ་དག་བཙན་ཐབས་ཀྱིས་དོལ་རྒྱལ་རྗེས་འབྲངས་པ་དང་མཉམ་དུ་སྦྱར་ཐབས་བྱེད་པ་ལྟ་བུ་དང༌། སྐབས་རེ་དོལ་རྒྱལ་རྗེས་འབྲངས་པ་རྣམས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བཟོ་ལྟ་བསྟན་ན་ཅི་ཞིག་གི་ཁེ་ཕན་འཐོབ་སྲིད་པའི་རེ་བ་བརྒྱབ་པ་མིན་ནམ་བསམ་པ་ཡང་ཡོང་གི་འདུག དཔེར་ན་སྔོན་མ་བྷེལ་ཀོབ་གཞིས་རྙིང་མཉམ་འབྲེལ་དྲུང་ཆེ་བཟའ་མི་གཉིས་ལ་དོལ་རྒྱལ་རྗེས་འབྲངས་པ་རྣམས་ཀྱིས་ཉེས་རྡུང་བཏང་བར་བརྟེན། བོད་གཞུང་གིས་ཁོང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་གནས་སྤོས་བཏང་བ་མ་ཟད། བཟའ་ཟླ་བུ་ཕྲུག་དང་བཅས་པ་དེར་བཏང་བ་རེད། ཉེ་བའི་ལོ་གཅིག་གི་སྔོན་ལ་ཁོང་སྐུ་གཤེགས་པའི་སྐབས་བོད་གཞུང་གི་དྲ་བརྙན་བརྒྱུད་ནས་ཁོང་ཁྱབ་བསྒྲགས་ཤུགས་ཆེ་གནང་བ་ཡོད་པ་དང༌། སྐབས་དེ་ཤེད་ཅིག་ཏུ་བཀའ་ཟུར་ཟླ་བ་ཚེ་རིང་མཆོག་ཀྱང་སྐུ་གཤེགས་ཡོད་ནའང༌། བོད་གཞུང་གི་ཁྱབ་བསྒྲགས་གནང་སྟངས་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ་སོགས་ལ་བརྟེན་མི་མང་ནང༌། འདི་ལྟ་བུའི་ཧུར་བརྩོན་པ་ཐོན་ཐུབ་ན་ཁེ་བཟང་རག་རྒྱུའི་རེ་བ་རྒྱག་མཁན་ཡང་ཡོད་མི་སྲིད་པ་གཏན་ནས་མ་རེད། གང་ལྟར་༸གོང་ས་མཆོག་གིས་ལྷག་བསམ་རྣམ་དག་གིས་བོད་མི་རིགས་ཀྱི་འཕྲལ་ཕུགས་བདེ་སྡུག་གི་ཆེད་དུ་བླང་དོར་ལམ་སྟོན་གནང་ཡང༌། བོད་མི་རིགས་བསོད་ནམས་དམན་ནས་ཡང་དག་པའི་ལམ་སྟོན་ལག་བསྟར་མི་བྱེད་པ་དང༌། ཁག་ཅིག་གིས་ལག་བསྟར་བྱེད་མཁན་གྱི་ཧུར་བརྩོན་པ་ཡིན་མདོག་གིས་དོལ་རྒྱལ་མི་བསྟེན་མཁན་གྱི་མཁན་པོ་དང༌། དོལ་རྒྱལ་དང་འབྲེལ་བ་མེད་པའི་དགེ་བསྐོས། དོལ་རྒྱལ་ལ་ངོ་རྒོལ་བྱེད་མཁན་གྱི་དགེ་བཤེས་སོགས་གནད་མང་པོ་ཞིག་དེའི་ཁོངས་སུ་སྦྱར་གང་ཐུབ་བྱེད་མཁན་འདི་དག་ཀྱང༌། དོལ་རྒྱལ་རྗེས་འབྲངས་བ་རྣམས་དང་བསྡུར་ན་ཉེས་པ་ཆུང་ནའང༌། དོན་དངོས་བོད་ཀྱི་རྩ་དོན་དང་ནང་ཁུལ་གྱི་མཐུན་འབྲེལ་མ་གནོད་སྐྱོན་གཏོང་བའི་སྐབས་འཚོལ་རིང་ལུགས་པ་ཁག་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ངས་བལྟས་ན་གང་ལྟར་ཁེ་ཕན་མི་འདྲ་བ་མ་གཏོགས་ཁེ་ཕན་རེ་དམིགས་བཞིན་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག རི་བོ་དགེ་ལྡན་པའི་གདན་ས་ཁག་ལ་མཚོན་ན་དོལ་རྒྱལ་བསྟེན་ཕྱོགས་ཀྱི་སྐོར་དབྱེ་འབྱེད་གཙང་སེལ་གནང་ཟིན་པས། ད་དུང་ཡང་གཙང་མ་ཆགས་མེད་མདོག་མདོག་གིས་ཕྱི་དཀྲུག་གིས་རྔ་ཆུང་དང༌། ནང་དཀྲུག་གིས་ཌ་རུ་བྱས་བསྡད་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། དོན་དངོས་འདི་ལྟར་བྱས་ནས་ང་ཚོའི་སྤྱི་ཚོགས་འདི་ནང་མི་མཐུན་པ་ཆགས་ན་ཡང་སྙིང་བོད་མི་ལ་དགོས་པ་དེ་ཆགས་པ་རེད་དམ། ཡང་ན་རྒྱ་མི་ལ་དགོས་པ་དེ་ཆགས་པ་རེད། མདོར་བསྡུས་ན་སུ་ལ་དགོས་པ་དེ་ཆགས་ཀྱི་རེད། བསམ་བློ་གཏོང་དགོས་པ་རེད།




2008.12.21 07:30:29
quest
སྤྱིར་བཏང་རྒྱ་འདྲེ་འདིས་སྐོར་མ་གླེང་བར་ཁ་རོག་གེར་སྣང་མེད་དུ་བཞོག་དང་། ད་གཟོད་ལྟད་མོ་ཞིག་ཡོད་ངེས་རེད། དེ་མིན་ག་དུས་ཡིན་ཡང་དེ་དག་བརྟེན་མཁན་ཚོ་ཟེར་ནས་གླེང་བསྡད་ན་ཁོང་ཚོ་ལ་ཡང་དོན་སྣང་བྱེད་མཁན་ཞིག་འདུག་བསམ་ནས་རྒྱ་ནག་གི་མུ་མཐུད་དུ་མི་དེ་དག་ལ་ཆ་རྐྱེན་བསྐྲུན་ངེས་རེད། དེ་ལས་ང་ཚོས་འདིས་སྐོར་གཏན་ནས་མ་གླེང་བར་གཡུག་བཞག་ན་ཡག་པོ་འདུག བོད་ཞེན་དང་བོད་ཀྱི་ལ་རྒྱ་ཡོད་མཁན་དག་ནི་འདི་གླེང་ཡང་རྒྱུ་མཚན་མེད་ལ། ལ་རྒྱ་དང་བོད་ཞེན་མེད་མཁན་དག་ལ་སྐད་ཆ་བཤད་ནས་གོ་བ་ཡོད་པ་ཞིག་ཡིན་ན་ངེད་ཅག་གི་འདི་ཕྱི་གཉིས་ཀྱི་དབུ་ཁྲིད་ཀྱི་བཀའ་ལ་རྒྱབ་འགལ་མི་བྱེད་ཁོ་ཐག་ཡིན་ངེས་རེད། རབ་ན་རྗེས་ཕྱོགས་འདིས་སྐོར་མ་གླེང་རོགས་ཞུ་རྒྱུ་ཡིན།

 
2008.12.21 12:05:57
ཁྱེད་ཀྱི་དགོངས་ཚུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དོལ་རྒྱལ་སྐོར་གླེང་རྒྱུ་མང་སོང་ན་དཀའ་ལས་ཀྱི་རྒྱུ་ལས་མི་འདུག དེ་ནས་གཡུགས་བཞག་ན་འོས་ཤིང་འཚམས་པ་རེད་དེ། འདིའི་སྐོར་ལ་ཆེད་དུ་གླེང་མཁན་ཡང་མང་པོ་ཡོང་གི་འདུག དེར་བརྟེན་རྗེས་སོར་འདིའི་སྐོར་མ་གླེང་ན་ཡག་གི་རེད།

 
2008.12.21 14:13:27
ད་ཡིན་ན་འདྲེ་དེ་མ་གླེང་ན་མ་འགྲིགས་པ་དང་གླེང་ན་ཡང་མ་འགྲིགས་པ་ཞིག་ཆགས་འདུག

 
2008.12.24 16:59:20
གཟུགས་ཅན་མི་ཡི་བདེ་སྡུག་ཟུར་དུ་བཞག།
གཟུགས་མེད་ལྷ་འདྲེའི་བདེ་སྡུག་ཁུར་དུ་བླངས།།
དཀར་ནག་གོ་ས་ལྡོག་པའི་སྤྱི་ཚོགས་འདིར།།
གསོན་པོའི་ཟུངས་ཤུགས་རྒྱས་པའི་དུས་ཚོད་དཀོན།།

ཡ་གི་ལྷ་ཡི་ཞིང་ལ་ཡིད་སྨོན་བྱེད།།
མ་གིའི་དམྱལ་བའི་ཡུལ་ལ་ཞེད་སྣང་སྐྱེ།།
ཡོད་ཚད་རང་ལག་ཡོད་པའི་མི་ཡུལ་འདིར།།
དལ་འབྱོར་ལན་གཅིག་ཐོབ་པ་དོན་མེད་བྱས།།

སྐྱབས་གསུམ་གཙུག་ཏུ་མི་བཀུར་སྐུར་འདེབས་བྱེད།།
ལས་འབྲས་བླང་དོར་མི་བྱེད་ཡལ་བར་དོར།།
སྲུང་མ་ཇ་ཁུ་ཙམ་གྱིས་མཆོད་པ་ཡིས།།
ནང་པའི་ཁ་ཕོ་སྒྲོག་པ་ངོ་ཚའི་རྒྱུ།།

 
2008.12.27 11:55:59
ལྷ་གསོལ་འདྲེ་བསྐྲད་སྟོང་གིས་མ་ཕན་པར། །
ལྷ་སྡེ་བོད་མགོ་རྒྱ་ལ་ཤོར་ན་ཡང་། །
ལྷ་རྒྱལ་རི་བོའི་ནགས་ཚལ་སྟུག་པོའི་ཁྲོད། །
ལྷ་སྲུང་སྐུ་རྟེན་ཕག་བཞིན་གསོ་བ་མཚར། །

བོད་མི་ལྷ་དང་སྲུང་མར་དད་དད་ཅིག །
ལས་དང་རྒྱུ་འབྲས་བསྲུང་ལ་དད་གྱུར་ན། །
ཤི་གཤེད་གསོན་ལ་སྡང་དོན་མ་མཆིས་ཤིང་། །
ཤི་འདྲེ་ལྷ་ལ་བཀུར་བའི་གོ་སྐབས་མེད། །

ཇ་ཆང་རྒྱ་མཚོར་བསྐྱིལ་ཏེ་མཆོད་མཆོད་པའི། །
ལྷ་དང་སྲུང་མ་གཟུགས་སུ་བཞེངས་གྱུར་ན། །
རྒྱགས་པའི་ལྟོ་བ་ས་ལ་རེག་གྱུར་ནས། །
འགྲོ་དང་སྡོད་པ་ཙམ་ཡང་དཀའ་བར་ངེས། །

ལྷ་གསོལ་འདྲེ་བསྐྲད་སྟོང་གིས་མ་ཕན་པར། །
ལྷ་སྡེ་བོད་མགོ་རྒྱ་ལ་ཤོར་ན་ཡང་། །
ལྷ་རྒྱལ་རི་བོའི་ནགས་ཚལ་སྟུག་པོའི་ཁྲོད། །
ལྷ་སྲུང་སྐུ་རྟེན་ཕག་བཞིན་གསོ་བ་མཚར། །

བོད་མི་ལྷ་དང་སྲུང་མར་དད་དད་ཅིག །
ལས་དང་རྒྱུ་འབྲས་བསྲུང་ལ་དད་གྱུར་ན། །
ཤི་གཤེད་གསོན་ལ་སྡང་དོན་མ་མཆིས་ཤིང་། །
ཤི་འདྲེ་ལྷ་ལ་བཀུར་བའི་གོ་སྐབས་མེད། །

ཇ་ཆང་རྒྱ་མཚོར་བསྐྱིལ་ཏེ་མཆོད་མཆོད་པའི། །
ལྷ་དང་སྲུང་མ་གཟུགས་སུ་བཞེངས་གྱུར་ན། །
རྒྱགས་པའི་ལྟོ་བ་ས་ལ་རེག་གྱུར་ནས། །
འགྲོ་དང་སྡོད་པ་ཙམ་ཡང་དཀའ་བར་ངེས། །




 
2008.12.27 13:55:48
སྙན་པོ་ཞེ་དྲག་འདུག འོན་ཀྱང་ཚིགས་བཅད་གསུམ་དེ་ཆ་ཚང་བསྐྱར་བཟློས་ཤིག་ཤོར་འདུག

 
2009.09.04 01:34:06
བརྗོད་གཞི་འདི་ལ་བསྐྱར་བལྟ་ཞིག་བྱས་ཡོང་དུས་ལྷ་སའི་བསངས་དུད་ལགས་ཀྱི་རྩོམ་ཡིག་ཡག་པོ་ཞིག་བྲིས་པ་མཐོང་སོང༌། ཁོང་དེང་སྐབས་དྲ་ཚིགས་འདིར་ཕེབས་ཀྱི་མི་འདུག་པ་དེ་ཧ་ཅང་ཕངས་པོ་རེད། ཁོང་དངོས་གནས་རྣམ་དཔྱོད་ཅན་ཡིན།