ཉན་དུས་ལྷ་ཡང་གསོན་པོ་བཞུགས་པ་འདྲ།།
བརྟག་དུས་རང་གཤིས་འདི་ཡང་འདྲེ་དང་མཚུངས།།
བཤད་ན་ཀུན་ཡང་གཉེན་དུ་ལྟ་དགོས་བརྗོད།།
སྨྲ་བརྗོད་དབང་བའི་མི་ཚོགས་སྔར་བཞིན་འཚོ།།
དགའ་དུས་གཅིག་ལ་འཐམ་ནས་མི་འབྲལ་ཟེར།།
སྡུག་པའི་ཚེ་ན་མཐོང་ཡང་སྐྱུག་མེར་བླངས།།
དགའ་སྐྱོ་དབྱངས་ལ་འཐིམ་པའི་འགྲོ་བ་མི།།
གཅིག་རྗེས་གཅིག་ལ་མཐུད་དེ་འཆི་བར་སྙེགས།།
དྲན་པའི་སྐབས་སུ་མིག་ཆུ་ཆར་བཞིན་འབབ།།
སྐྱོ་བའི་ཚེ་ན་སེམས་ཡང་ལྷོག་ལྷོག་ལྡིང་།།
ཚོར་བ་ཉི་ཚེ་ཞིག་གི་འདུ་རྒོད་ཁྲོད།།
མི་བརྟན་ཚང་ལ་འཐམ་ནས་འདུར་བཞིན་རྒྱུགས།།
དྲན་དུ་དགོས་པའི་ལེགས་ཉེས་མ་བཤིག་གོང་།།
དོར་དུ་འོས་པའི་ཆགས་སེམས་མ་སྐྱུར་ན།།
མདོར་ན་གང་དུ་སྤྱོད་ལམ་ཅི་བྱས་ཀྱང་།།
འཁོར་བའི་གྲུབ་ནག་འདི་དང་འབྲལ་དུ་མེད།།
|
|



11:16:48