ཟབ་སྦྱོང་ཚད་ལྡན་ཞིག་སྤྲོད་རོགས་ཞེས་པའི་ཁ་བྱང་འདི་མཐོང་བ་དང་ན་གཞོན་བསྐོར་ཞིག་ལ་ཚོགས་པ་ཆེ་གོ་མོ་ཞིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་པའི་འཚོ་བ་ཞིག་སྦྱིན་ངེས། འོན་ཀྱང་ད་ལྟ་ཕྲན་གྱི་གླེང་གཞི་ནི་དེ་ལྟར་མ་ཡིན་པར་བཙན་བྱོལ་ནང་གི་ཆེ་མཐོའི་དབུ་འཁྲིད་བཀའ་བློན་རྣམས་པར་ཚད་མཐོའི་ཟབ་སྦྱོང་ཞིག་ངེས་པར་དགོས་པ་མཐོང་། དེ་ཡང་ཁ་སྔོན་བཀའ་ཤག་སྐབས་བཞི་པའི་མ་འོངས་ལས་འཆར་འགའ་གྲོས་ཚོགས་སུ་སྙན་སྒྲོན་ཡིག་ཆ་མཇལ་ཀློག་ཞུ་སྐབས་ཐུགས་སྣང་དང་ལ་རྒྱ་ཅན་གྱི་མི་སྣ་མང་པོ་ཞིག་གི་སེམས་ལ་ཆུ་འཁྱགས་ཤོས་པ་ལྟར་ཁུམ་ཁུམ་དུ་གནས་བཞིན།
དུས་བབས་ནང་ཤར་ཕྱོགས་ཀྱི་ཁུག་རྟ་ཟེར་བའི་དྲ་གྲོགས་ཞིག་ནས་༼བཀའ་བློན་འདི་གཉིས་ངར་༧པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་༽ཞེས་པའི་ཆེད་རྩོམ་ཞིག་སྤེལ་གནང་སོང་དེ་ཡང་བདེན་པ་ཞིག་ཏུ་མཐོང་སོང་། འོན་ཀྱང་དེའི་མཆན་ཞབས་སུ་སྐུ་ངོ་སྤྱི་འཐུས་ཞིག་ནས་ཀྱང་རྒྱབ་བསྐོར་གྱི་མཆན་ཞིག་སྤེལ་འདུག་ནི་འདི་ལྟར།༼ཤར་ཕྱོགས་ཁུག་རྟ་ལ་ཁག་མེད། དངོས་གནས་བོད་ཀྱི་དབུ་ཁྲིད་ཚོས་བོད་ཡིག་མ་ཤེས་ན་ཐབས་སྐྱོ་སེ་འདུག ཆོས་རིག་བཀའ་བློན་ལ་དགེ་འདུན་པ་བཞག་མེད་པ་དེ་དགེ་འདུན་པའི་གྲས་སུ་དེང་དུས་ཀྱི་ཤེས་ཡོན་ཤེས་མཁན་དཀོན་པོ་ཡིན་པས་རྒྱུ་མཚན་བགྲང་ཡོད་མོད། དེང་དུས་ཀྱི་ཤེས་ཡོན་ཞེས་པའི་དབྱིན་ཅིའི་སྐད་ཡིག་གལ་ཆེར་བརྩིས་པའི་བཀའ་ཤག་གི་སྲིད་བྱུས་དེ་ཡང་ཧ་ཅང་གི་འཚམ་པོ་ཞིག་མི་འདུག བཙན་བྱོལ་ནང་གི་མི་འབོར་གྱི་གྲངས་ཀ་ལ་དཔོག་པའི་བཀའ་བློན་ལས་རོགས་འདེམས་སྟངས་དེ་ཡང་བསམ་ཚུལ་དང་ཚོར་བ་ཅན་གྱི་བྱེད་སྟངས་ཤིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཆ་དང་། ངོ་ཚབ་འདིའི་བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མི་མང་གི་ངོ་ཚབ་མཚོན་དགོས་པའི་གནས་བབ་འདི་ཚང་མས་ཤེས་ན་ལེགས་པར་བསམ།༽ བྱས་ན་ང་ཚོའི་ཐབས་བརྩོད་ཀྱི་ངོ་བོ་ནི་ཆོས་དང་རིག་གཞུང་གོམས་གཤིས་སོགས་རྒྱ་དང་ཐ་དད་ཡིན་པའི་སྒྲུབ་བྱེད་འགོད་པོ་རང་ཉིད་ལ་ཚང་དགོས་པའི་གནད་དོན་དང་པོ་ནི་མི་རིགས་རང་ཉིད་ཀྱི་སྐད་ཡིག་འདི་ཉིད་མ་ཡིན་ནམ། དེར་རྟེན་ཟླ་བ་གཉིས་ཙམ་རིང་བཙན་བྱོལ་བོད་མིའི་དབུ་འཁྲིད་བཀའ་བཤག་ལྷན་རྒྱས་ལ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་ཞིག་ངེས་པར་གནང་དགོས་པ་ཁ་ཚ་དགོས་གཏུགས་ཞིག་ཏུ་མཐོང་།
|
|



23:39:42