བོད་ཀྱི་བང་ཆེན། ཟིན་བྲིས། berijigme དྲང་སྲོང་རྒན་པོའི་ལྟ་གྲུབ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.13 02:03:58
དྲང་སྲོང་རྒན་པོའི་ལྟ་གྲུབ།
དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།

སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།

སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།

བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།


ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།

དེ་རིང་གཡའ་དག་མཁའ་ནས་ཉི་གཉོན་འཛཱུམ།།

གནམ་སའི་གཤིསལུགས་ངེས་མེད་འགྱུར་བ་འདི།།

འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།

 

འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།

རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།

གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།

དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།

 

བྱང་ཐང་བྱེ་མ་སྤུར་པའི་ཇག་ལམ་ན།།

མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།

ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།

གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།

 

གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།

ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།

སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།

སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།

2007/3/26/སྤྱི་འཐུས་གྲོས་ཚོགས་སུ་བྲིས།




2009.01.12 21:46:46
དྲང་སྲོང་རྒན་པོའི་སྙིང་གཏམ་སྙིང་ལ་སིམ༎
སྙན་འཇེབས་ངག་གི་མངར་ཁ་ལྕེ་ལ་ཞིམ༎
བེ་རི་མཁས་པའི་སྙན་རྩོམ་བྲོ་བ་ཡིས༎
ངག་ལྐུག་ཡིན་ཡང་གད་མོ་ཤོར་སེམས་ནས་ཤོར༎