བོད་ཀྱི་བང་ཆེན། ཟིན་བྲིས། sonamtsering དགུན་དུས་ཀྱི་མེ་ཏོག ༸རྒྱལ་བ་ཁྲི་ལ་འཁོར་བའི་རྟེན་འབྲེལ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.12.12 11:17:29
དགུན་དུས་ཀྱི་མེ་ཏོག ༸རྒྱལ་བ་ཁྲི་ལ་འཁོར་བའི་རྟེན་འབྲེལ།

        དེང་སྐབས་ཁམས་རྟའུ་རྫོང་། “སྤང་ནང་”ཅེས་པའི་ས་ཁུལ་གྱི་དབེན་གནས་ཤིག་ཏུ་ཡུལ་སྐད་དུ་ཀའུ་རྐྱང་ཕྱག་ཅེས་པའི་མེ་ཏོག་ཞིག་སྐྱེས་ཡོད་པ་དང་། རྟའུ་དང་། མི་ཉག གཡུ་ཁོག་སོགས་ནས་མི་མང་གིས་ངོ་མཚར་བ་དང་རྟེན་འབྲེལ་བཟང་པོར་བརྩིས་ནས་འཇལ་སྐོར་དང་སྨོན་ལམ་འདེབས་པར་འགྲོ་གཞིན་ཡོད་འདུག


ངས་ས་གནས་ཀྱི་མེ་ཏོག་དེར་འཇལ་སྐོར་དུ་བསྐྱོད་པའི་མི་གསུམ་ཙམ་ལ་ཁ་པར་བརྒྱུད་རྒྱུས་ལོན་བྱས་སྐབས། ཁོང་ཚོས་གནས་ཚུལ་དེ་ནི་ཡ་མཚན་པ་དང་ངོ་མཚར་བ་ཞིག་རེད། དགུན་དུས་མེ་ཏོག་བཞད་པའི་གནས་ཚུལ་དེའི་སྐོར་ལ་ཁུངས་ལྡན་གྱི་འགྲེལ་བཤད་བྱེད་ཐུབ་མཁན་ཞིག་ད་ལྟ་མི་འདུག་མོད། མི་མང་གིས་ངོ་མཚར་ཆེན་པོ་ཞིག་ལ་བརྩིས་ནས་ཁ་དར་གཏོང་བ་དང་ཕྱག་འཚལ་མཁན་ཡང་འདུག་ཅེས་བརྗོད་ཀྱི་འདུག སྤྱིར་མེ་ཏོག་དེ་འབྲོག་ཁུལ་གྱི་རྫ་འདབས་སུ་སྐྱེས་ཀྱི་ཡོད་པ་དང་། དེ་ཡང་བོད་ཟླ་གསུམ་པ་ཙམ་ནས་མྱུ་གུ་འབུས་ཤིང་། བོད་ཟླ་བཞི་བ་དང་ལྔ་བའི་དུས་སུ་མེ་ཏོག་གི་བཞད་ཁ་ཕྱེ་བ་དང་། བོད་ཟླ་དྲུག་པའི་ནང་མེ་ཏེ་ཡལ་འགྲོ་བ་ཞིག་ཡིན་འདུག་ནའང་། ད་ལོའི་དགུན་དུས་སུ་མེ་ཏོག་དེ་རྩ་བ་གཅིག་ལ་སྡོང་པོ་གཉིས་ཅན་ཞིག་སྐྱེས་ནས་བཞད་ཁ་ཕྱེ་འདུག་ལ། མེ་ཏོག་དེ་མིས་མཐོང་ནས་དེ་རིང་བར་ཉིན་བཅུ་ལྷག་ཙམ་ལས་ཕྱིན་མི་འདུག དེང་སྐབས་ས་ཁུལ་དེར་ཁ་བས་བཀླུབས་ཡོད་ནའང་། མེ་ཏོག་གི་གཟི་མདངས་མ་ཉམ་པར་གསེར་འོད་ཀྱིས་མཛེས་ཤིང་མགོ་ལྕོགས་ལྡེམ་སེ་སྐྱེས་ཤིང་ཉི་མ་ཤར་བ་དང་འདམ་མ་དག་ཁ་ཕྱེ་ཞིང་འགྲམ་དུ་ཕྱིན་ན་དྲི་བཟང་ཡང་ཐུལ་ལེར་འདུག་ཟེར། རྒྱ་ནག་ཁྲིན་ཏུ་ནས་བོད་རིགས་ཤིག་གིས་གནས་ཚུལ་དེའི་སྐོར་སྤྱི་ཚོགས་ནང་གང་བཤད་ཀྱི་ཡོད་མེད་སྐོར་བརྗོད་དོན། སྤྱིར་ང་ཚོ་བོད་པ་ཟེར་བ་དེ་སྤྱིར་བཏང་མ་ཡིན་པའི་དངོས་པོ་སྣང་བར་འགྲོ་བ་ཞིག་མཐོང་ན་དེ་ལ་རྟེན་འབྲེལ་དང་ངོ་མཚར་བའི་འགྲེལ་བཤད་མང་པོ་བྱེད་པའི་གོམ་གཤིས་ཤིག་ཡོད་པ་ལྟར། ད་ཐེངས་རྟའུ་སྤང་ནང་དུ་སྐྱེས་པའི་མེ་ཏོག་དེ་ཀའུ་རྐྱང་ཕྱག་ཞིག་རེད་ལ། ང་རང་ཚོའི་ས་གནས་སུ་སྐྱེས་རྒྱུ་ཡོད་པ་ཞིག་དང་། མཐོང་རྒྱུ་ཡོད་པ་ཞིག་རེད་མོད། དབྱར་དུས་ལས་དགུན་དུས་སུ་སྐྱེས་ཀྱི་མེད་པར་བརྟེན། མི་ཚང་མས་ཡ་མཚན་པ་དང་རྟེན་འབྲེལ་བཟང་པོར་བརྩིས་ཀྱི་འདུག ལྷག་པར་མི་མང་གིས་༸རྒྱལ་བ་རིན་པོ་ཁྲི་ལ་འཁོར་བ་དང་། བོད་ལ་རང་ཐོབ་པ། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་རེད་ཅེས། སྨོན་ལམ་རྒྱག་གི་འདུག་ཅེས་བརྗོད་བྱུང་། ཡང་མི་གཞན་ཞིག་གིས་མེ་ཏོག་དེའི་འདབས་མའི་ནང་ནས་སྐུ་གཟུགས་འདྲ་མིན་མཇལ་རྒྱུ་ཡོད་པ་དང་། ལ་ལས་༸རྒྱལ་བ་རིན་པོ་ཆེ་མཇལ་གྱི་འདུག་ཟེར་ཅེས་ཀྱང་བརྗོད་སོང་། གང་ལྟར་མེ་ཏོག་དེ་དབྱར་ཁ་ལས་དགུན་དུས་སུ་སྐྱེས་ཀྱི་མེད་པར་བརྟེན། མི་མང་གིས་ངོ་མཚར་བ་དང་རྟེན་འབྲེལ་བཟང་པོར་ངོས་འཛིན་གྱིས་མཇལ་སྐོར་དང་སྨོན་འདེབས་པར་འགྲོ་བཞིན་ཡོད་པ་དང་། དེ་ཡང་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཞབས་སོར་འཁོད་པ་དང་། བོད་ལ་རང་དབང་ཐོབ་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་དུ་བརྩི་བཞིན་ཡོད་འདུག་ལ། དེ་ལྟར་རེ་བ་དང་སྨོན་ལམ་བྱེད་བཞིན་ཡོད་འདུག ང་ལ་མེ་ཏོག་དེའི་འདྲ་པར་ཞིག་ཀྱང་འབྱོར་སོང་མོད། དེ་རིང་ཟིན་བྲིས་སུ་ཡར་འཇུག་བྱེད་ཐུབ་མ་སོང་བས་སང་ཉིན་ཡར་འཇུག་བྱེད་ཐུབ་པ་བྱེད་ཀྱི་ཡིན།

གསལ་བཤད། གོང་གི་“སྤང་ནང་”ཅེས་པའི་ས་མིང་དེ་ངའི་ཕ་ཡུལ་ཀྱི་འབྲོག་སྐད་ཀྱི་སྒྲ་ཇི་བཞིན་བྲིས་པ་ཞིག་ཡིན་པས་དག་ཆ་དེ་ལྟར་ཡིན་པའི་ངེས་མེད།




2011.12.13 13:05:15
ལྐུག་པ་རང་རེད། དུར་ས་ནས་ལངས་བའི་མིའི་སྐད་ཆའི་བཟོ་འདྲ་པོ་ཞིག་ག་རེ་རེད། རྟབུ་མི་མང་ལྐུག་པ་མ་བཟོ་རོགས། རྟའུ་པས་ཀའུ་རྐྱང་ཕྱག་ཟེར་ལ། དངོས་བདེན་མེ་ཏོག་དེའི་མིང་གའུ་རྐྱང་ཤོག་ཟེར་གྱི་ཡོད་པ་རེད། མེ་ཏོག་དེ་སྤྱིར་བཏང་གི་བོད་བྱིངས་ཀྱི་མེ་ཏོག་དང་མི་འདྲ་བར། དགུན་དུས་སྐྱེས་ཀྱི་ཡོད་པ་རེད། ཕལ་ཆེར་རྒྱུན་ལྡན་རྟའུ་ལ་ཟླ་གཉིས་གསུམ་གྱི་སྐྱེས་ཕྱི་བ་ཡོད་པའི་དབང་དུ་བཏང་ཡང་། ད་ལོ་སྔ་ཙམ་སྐྱེས་པ་ལ་ཧ་ལས་དགོས་པ་ཅི་ཡང་མེད། ཁྱོད་ལ་གསར་འགྱུར་བཤད་རྒྱུས་ཕོངས་པ་ཡིན་གྱི་རེད། དཀར་མཛེས་དང་འབའ། མཛོད་སྒང་དང་ཕལ་ཆེར་ཡུ་ནན་ལའང་གཅིག་མཚུངས་ཡིན་པ་འདྲ། ཁ་དྲོ། ལྐུག་རྟགས་མ་བསྟན་རོགས། གནོད་ཐག་ཆོད་ནས་མཆན་འདི་བསུབ་མདོག་ཁ་པོ་རེད། ཟིན་བྲིས་འདི་ག་པར་བཀོད་ན་མཆན་འདི་བཀོད་རྐྱང་བྱེད་ཀྱི་ཡིན། ངའི་བདེན་པ་བཤད་རྒྱུར་མཚམས་འཇོག་གི་མིན། ཧ་གོ་སོང་པས་་་་་་་་་་་་

 
2011.12.13 13:38:28
དྲྭ་མཛའ་བློ་བཟང་ཕུན་ཚོགས་ལགས། དགོངས་ཚུལ་ཡག་པོ་གསུང་འདུག ངས་ཟིན་བྲིས་དེ་བོད་ཀྱི་དུས་བབ་ནང་བཀོད་པར་མཆན་འདི་འདྲ་ཞིག་ཀྱང་བྲིས་འདུག (མི་རྐང་གླིང་བུ། ༢༠༡༡/༡༢/༡༣ ཉིན་འདོན་སྤེལ་བྱས། མེ་ཏོ་དེ་ཨུདྤལ་སེར་པོ་རེད། ཨུདྤལ་ཟེར་ན་རྒྱ་གར་གྱི་སྐད་ཅིག་ཡིན་པ་དང་། བོད་སྐད་དུ། ག་བུ་ལྕང་ཤོག་ཟེར། ཡུལ་སྐད་འགའ་ཞིག་ཏུ། ཨ་དར་ཤེའུ་དར་ཡང་ཟེར། ནགས་རི་དང་། སྤང་རིའི་སྲིབ་ངོས་སུ་སྐྱེས་ཤིང་དུས་ཡུན་ཐུང་ཙམ་མ་གཏོགས་སྡོད་མི་ཐུབ་པའི་མེ་རོག་རིགས་ཤིག་རེད། དགུན་དུས་སྐྱེས་པ་ནི་རྟགས་དང་རྟེན་འབྲེལ། ལས་དང་སྨོན་ལམ་དམིགས་བསལ་བ་ཞིག་ཡིན་སྲིད། འདི་ནི་སྨན་གྱི་རིགས་སུ་བཀོལ་སྲོལ་ཡོད། ཨུདྤལ་འདི་ལ་རིགས་བཞི་ཁ་དོག་ཀྱི་ཆ་ནས་དབྱེ་རྒྱུ་ཡོད་ཅིང་། སྨན་བཀོལ་བའི་སྐབས་སུའང་ནུས་པ་སོ་སོར་ནས་ཡོད་པས་བེད་སྤྱོད་ཀྱང་ཐ་དད་དུ་བྱེད་དགོས་པ་ཡིན།)

 
2011.12.13 17:40:39
ངས་བཤད་པ་དེ་ཁྱེད་ཀྱིས་ཧང་སང་མདོག་བྱས་ཏེ་ས་མཆོང་གནམ་མཆོང་བྱེད་པ་དེ་ཆོ་མི་འདུག་ཅེས་བཤད་པ་དེ་ཡིན། མེ་ཏོག་ཅིག་སྐྱེས་ཀྱང་རྟེན་འབྲེལ་བརྩིས་བསྡད་ན་དངོས་གནས་ཆོ་མེད་པ་རེད། ཆོས་ལུགས་ནས་བཤད་ན། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་རེད། འོ་ན་ཁྱོད་ཀྱིས་སྐྱག་པ་ལ་རྟེན་འབྲེལ་བརྩི་ཡི་ཡིན་པས་་་་ཨ་་་་

 
2011.12.14 18:02:07
གནད་དོན་འདིའི་ནང་གི་གསར་འགྱུར་རམ་གལ་ཆེ་ཤོས་དེ་མེ་ཏོག་དགུན་དུས་སྐྱེ་བ་ཙམ་མ་ཡིན་པར། མི་མང་གི་ངོས་ནས་༧གོང་ས་མཆོག་ལ་རེ་སྒུག་དང་དད་འདུན། གཞིས་བྱེས་མཉམ་འཛོམས་ཀྱི་རེ་སྨོན་ནམ། རེ་སྒུག་གི་ཚོར་བ་མཚོན་པའི་རྣམ་འགྱུར་འདི་རེད། གཞན་ངོས་འཛིན་ག་རེ་བྱས་ཀྱང་མི་འགྲིག་པ་མེད་ཀྱང་། མདོར་བསྡུས་ན་འདིས་ས་གནས་དེའི་བོད་མི་ཚོའི་དད་འདུན་རེ་སྒུག་ལྷག་བསམ་བཅས་མཚོན་པ་རེད།

 
2011.12.14 22:48:19
སྤྱིར་ས་གཤིས་ཀྱི་འགྱུར་བ་འཁྲུག་པ་དང་ཡང་ན་ཚ་གྲང་འཐབ་པ་སོགས་ཀྱིས། རྩི་ཤིང་མེ་ཏོག་སོགས་དུས་མ་ཡིན་པའི་སྐབས་སུ་སྐྱེ་སྲིད་པ་ཞིག་རེད་མོད། མཚམས་རེར་སྐྱེ་ཆེན་དམ་པ་དེ་འདྲ་འཁྲུངས་རྟགས་སུ་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པའི་རྟེན་འབྲེལ་ཡང་ཡང་བྱུང་བའི་སྐོར་ལོ་རྒྱུས་ནང་མང་པོ་མཐོང་རྒྱུ་ཡོད། འཇའ་ཆར་ཟིལ་དང་ཉི་འོད་འཐབ་པ་ལས་འབྱུང་གི་ཡོད་པས་རྟེན་འབྲེལ་དུ་ངོས་འཛིན་བྱེད་མི་རུང་ཟེར་ན། ལོ་རྒྱུས་ཚད་ལྡན་མང་པོའི་ནང་རྟེན་འབྲེལ་ལ་བརྩིས་པ་ཡོད། བོད་ནང་གི་བོད་མི་ཚོའི་སེམས་སུ་༧གོང་ས་མཆོག་དང་གཞིས་བྱེས་མཉམ་འཛོམས་ལ་རེ་འདུན་ཆེན་པོ་བྱེད་ཀྱི་ཡོད་པས། འདིའི་རིགས་རྟེན་འབྲེལ་ལ་བརྩི་པ་ཡོང་སྲིད་པ་ཞིག་རེད། ལོ་འགའི་སྔོན་དུ་ཉ་གང་ཟླ་བའི་ནང་༧གོང་ས་མཆོག་མཇལ་གྱི་འདུག་ཟེར་ནས་བོད་ནང་མང་པོ་ཁྱབ་པ་རེད་ལ། བར་དུ་རྒྱ་གར་ནང་ལའང་དེ་ལྟར་མང་པོ་ཁྱབ་པ་རེད། ཟླ་བ་མཁའ་དབུགས་མེད་པའི་ས་སྐྱ་རིལ་པོ་ཞིག་རེད། དེའི་ནང་རྟེན་འབྲེལ་གྱི་གཟུགས་བརྙན་འཆར་མི་སྲིད་ཅེས་ཤོད་ཚོད་དཀའ་མོ་ཡིན། དེ་ལྟར་ཡིན་ན་བླ་མཚོ་ཆུ་ཡིན་པས་འབྱུང་འགྱུར་མཚོན་པའི་རྟེན་འབྲེལ་གྱི་གཟུགས་བརྙན་འཆར་མི་རུང་ཞེས་བརྗོད་དགོས་པ་རེད། གང་ལྟར་བོད་མི་མང་གི་སེམས་སུ་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་བཟང་པོ་དེ་འདྲ་བྱུང་བའི་སྐབས། ༧གོང་ས་མཆོག་དྲན་པ་དང་གཞིས་བྱེས་མཉམ་འཛོམས་དྲན་པ་དེའི་རྒྱབ་ལྗོངས་ནས་ང་ཚོས་བོད་མི་ཚོའི་རེ་འདུན་མཐོང་ཐུབ་པ་ཞིག་རེད།