ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་དང་། དེ་བཞིན་དབུས་སྒྲིག་འཛུགས་ཀྱི་བོད་དོན་འཐབ་རྩོད་དང་རྣམ་པ་མི་གཅིག་པའི་ཚོགས་སྒེར་དག་ལ་མཚོན་ནའང་དམ་འཛིན་འོས་པའི་གོ་སྐབས་རྩ་ཆེན་ཞིག་རེད། ངས་འདི་ལྟར་བཤད་དོན་ནི། ནམ་རྒྱུན་བྱེས་སྡོད་བོད་མི་ཚོས་བོད་རྒྱལ་ཁབ་ཀྱི་དོན་གྱི་བདག་པོ་ནི་གཞིས་བཞུགས་བོད་མི་མང་ཡིན་རབས་ཤོད་བཞིན་པ་ལྟར་རེད། བརྩི་བཀུར་འདིའི་འོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཞིས་ནང་གི་བོད་མའི་མངོན་འདོད་དེ་དབུ་མའི་ལམ་ཡིན་རབས་ཀྱི་འགྲེལ་བཤད་སྣ་དགུར་གནང་གི་ཡོད་པ་དང་། གཞོན་ནུ་ཚོགས་པ་དང་དེ་བཞིན་འཇམ་དབྱངས་ནོར་བུ་སོགས་སྒེར་པ་མི་ཉུང་པ་ཞིག་གིས་ཁོང་ཚོའི་དགོས་འདུན་དེ་རང་བཙན་ཡིན་པའི་ལུང་རིགས་སྣ་མང་ཞིག་བགྲང་བཞིན་པ་ལྟར་རེད།
འདི་ལྟར་སྣེ་ཁྲིད་ཚོའམ་གོང་རིམ་གྱི་རྣམ་པ་མི་གཅིག་པའི་རྩ་དོན་རྩོད་ཕྱོགས་འདིས་རྐྱེན་པས་ནམ་རྒྱུན་བོད་མི་མང་མགོ་འཐོམ་གྱི་ཡོད་ལ། དཔེར་ན་ངོ་རྒོལ་སྐད་འབོད་ལྟ་བུ་ཞིག་བྱས་ནའང་། སྐབས་དེའི་འབོད་སྒྲ་སྒྲོག་ཆོག་པ་དང་མི་ཆོག་པའི་རིགས་ཚད་བཀག་ཡོད་པ་བཞིན། མང་ཚོགས་ནང་བློ་དོགས་འདྲ་མིན་དང་། སེམས་ཀྱི་ཆོད་སེམས་སོགས་ལ་ཉེན་ཁའང་འཕྲད་ཀྱི་ཡོད་པ་རེད། ད་དུང་སྐབས་འཚོལ་བ་འགས་དེའི་བར་ནས་དབྱེན་སྦྱོར་བྱེད་བཞིན་པ་དང་། མང་ཚོགས་ཁྲོད་དུའང་མ་འོངས་པའི་བོད་ལ་གནོད་ངེས་པའི་གནས་ཚུལ་འདྲ་མིན་ཐོན་གྱི་ཡོད། དཔེར་ན་གཞོན་ནུ་ཚོགས་པ་ནི་༸རྒྱལ་བའི་དགོངས་པ་དང་འགལ་ཟླ་ཅན་ཞིག་དང་། དེ་བཞིན་གཞུང་ལ་ཁ་གཏད་ཅོག་མཁན་ཞིིག་ཡིན་པའི་ལྟ་ཚུལ་སྤེལ་བ་སོགས་རེད། དཔེར་ན་ད་ལོ་ཨ་རིའི་ཡུལ་དུ་དུས་འཁོར་དབང་ཆེན་གནང་དུས་དབུས་གཞོན་ནུའི་ཚོགས་གཙོར་བོད་གཞུང་ཞེས་པའི་སྟོད་གོས་ཀྱང་འཚོང་རྒྱུར་བོད་མི་ཞིག་གིས་དཀའ་ངལ་སྤྲད་པ་ལྟ་བུ་རེད།
བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཁག་རྒྱུས་ལོན་ཡོང་བ་ལ་བྱེས་སྡོད་བོད་མི་ཚོ་ལས་བོད་ནང་གི་བོད་མི་ཚོར་དཀའ་ངལ་ཆེ་བ་ཡོད་པ་བཞིན། སྐད་ཆ་འདི་ཚོའི་རིགས་ཀྱང་བོད་ནང་ལ་ཡོངས་ཁྱབ་ཏུ་དར་ཁྱབ་མི་འགྲོ་བའི་ངེས་པ་མེད་ལ། ད་དུང་བོད་ནང་གི་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་དབྱེན་སྦྱོར་གྱི་དཀྲོག་གཏམ་འདི་རིགས་ཛ་དྲག་གི་གནས་སྟངས་ཤིག་ཆགས་བཞིན་པ་ལྟར་རེད། དཔེར་ན་ཉེ་ཆར་ཁོ་བོའི་རོགས་པ་ཞིག་བརྒྱུད་གོ་ཐོས་ལྟར་ན། དེང་སང་བོད་ནང་གི་ལ་རྒྱ་ཅན་གྱི་བོད་མི་འགའ་རེས་ཀྱང་ད་ནི་ང་ཚོས་བོད་རང་བཙན་ལབ་རུང་གི་མ་རེད། དེ་འདྲ་ལབ་ན་༸རྒྱལ་བ་བསྟན་འཛིན་རྒྱལ་མཚོ་ལ་རྒྱབ་གཏོད་བྱེད་ཀྱི་ཡོད་པ་རེད་ཅེས་གསུང་གི་འདུག་ལབ་སོང་བ་ལྟ་བུ་རེད།
ད་ལྟའི་འགལ་ཟླའི་རྣམ་པ་འདི་དག་སེལ་བ་དང་། གཞུང་སྒེར་རྡོག་རྩ་ཆིག་སྒྲིལ་གྱིས་དམིགས་ཡུལ་གཅིག་དང་ལངས་ཕྱོགས་གཅིག འཐབ་རྩོད་ཅིག་དང་འབོད་སྒྲ་གཅིག་གི་འོག་ནས་བོད་དོན་སྒྲུབ་ཐབས་ཤིག་ཡོང་བ་ལ། གཞིས་སྡོད་བོད་མིའི་ཚད་མཐོའི་རྒྱ་ཆའི་འདོད་མོས་དངོས་དེ་ཤེས་ཐབས་གནང་དགོས་རྒྱུ་དེ་རེད། འོན་ཀྱང་ང་ཚོས་དེ་འདྲའི་ལས་གཞི་ཆེན་པོ་ཞིག་ད་ལྟའི་དུས་ཚོད་ནང་འགྲུབ་ཐབས་མེད་མོད། ད་ལོའི་བོད་ནས་ཕེབས་པར་ཚོར་མངོན་པ་མི་གསལ་པའི་རྒྱུས་ལོན་དང་། བསམ་ཚུལ་བསྡུ་ལེན་ཐུབ་ཐབས་དགོས་རྒྱུ་ནི་འཆོར་མི་རུང་པའི་གོ་སྐབས་རྩ་ཆེན་ཞིག་རེད་དྲན། (འདིར་མངོན་པ་མི་གསལ་བ་ཞེས་པའི་དོན་ནི་བོད་འབྱོར་བཀུར་འོས་སྤུན་ཟླ་རྣམ་པ་རང་ཡུལ་དུ་ལོག་དགོས་པར་སེམས་པའི་སྐད་ཆ་ཞིག་ཡིན།) དེ་མིན་ང་ཚོས་ཡིད་ལ་ངེས་དགོས་རྒྱུ་གལ་ཆེན་ཞིག་ནི། ག་དུས་ཀྱང་དད་པ་དང་དམ་ཚིག་ཟེར་བའི་ཐོ་ཆེན་དེ་དག་ཆོས་སར་ཆོས་བཞག་ནས་ཡང་དག་པའི་མང་མོས་ཐོག་རྩ་དོན་གྱི་ལས་ཀ་འདི་འཛམ་གླིང་སྤྱི་སྲོལ་ལྟར་གནང་འོས་པ་ལས། དེ་མིན་སྲོལ་རྒྱུན་ལྟར་སོང་བའི་ང་ཚོའི་ཐོ་ཆེན་དག་འཕྱར་བས་ནི་ལས་ཀ་བརྟན་ཆ་ཅན་ཞིག་ཆགས་ཀྱི་མེད་པ་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་ཀྱིན་ཡོད།
བང་ཆེན་ཚགས་ཤོག་ཏུ་སྤེལ།
|
|



23:20:10