བོད་ཀྱི་བང་ཆེན། ཟིན་བྲིས། འཆམ་ར་དྲི་མེད་རྒྱལ་མཚན། བོད་མི་ནང་འཁྲུག་ལ་ལམ་སྟོན་གྱི་ཐབས་ལམ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2012.01.02 03:24:21
བོད་མི་ནང་འཁྲུག་ལ་ལམ་སྟོན་གྱི་ཐབས་ལམ།
བོད་མི་ནང་འཁྲུག་ལ་ལམ་སྟོན་གྱི་ཐབས་ལམ། 
ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ད་དུང་ཡང་དཔའ་བློ་ཁོག་ཟེར་བ་དེ་ནི་འཁྲུག་འཛིང་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་སྟབས་ཉེས་པ་ཞིག་ལ་འཁྲུག་འཛིང་དེའང་བོད་པ་ནང་ཁུལ་ལ་བསྐོར་ནས། ང་ཚོའི་སྤུན་ཟླ་མང་པོ་ཞིག་འཆི་ལམ་དུ་བཏང་དང་གཏོང་བཞིན་པའི་གནས་སྟངས་སྡུག་ཆགས་ཤིག་རེད།“མེ་འབར་ཁར་ཤིང་ཆག་”ཞེས་པའི་དཔེ་ལྟར།

དེང་སང་རྒྱ་གཞུང་གིས་ཀྱང་བོད་མི་ནང་ཁུལ་དུ་འགལ་ཟླའི་རྣམ་པ་གང་ལ་འདུག་ན། ས་ཕྱོགས་དེའི་རྩྭ་ས་ཁག་བགོས་སོགས་ཀྱི་ལམ་ནས་འཁྲུག་རྐྱེན་སློང་གི་ཡོད་ལ། བོད་པ་ནང་ཁུལ་དུ་གཡུལ་གཤོམ་རེས་བྱས་ནས་རྩོད་རྙོག་གི་མེ་ལྕེ་འཕྱུར་དུས། རྒྱ་ནག་གཞུང་གིས་དེའི་གྱོད་གཞིའི་སྐོར་ལ་ལྟ་རྟོག་གཏན་ནས་མེད་པས་མ་ཚད། གོ་མདོག་ཤེས་མདོག་ཙམ་ཡང་མེད་པ་དང། ས་ཁུལ་དེའི་ཕྱོགས་སུ་མེ་མདའ་ལྐོག་ཚོང་སོགས་ཀྱིས་མཚོན་ཆས་ཇུས་ངན་གཤོམ་གྱི་ཡོད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་ང་ཚོའི་སྤུན་ཟླ་མང་པོ་ཞིག་བཙན་རྒྱལ་རིང་ལུགས་འོག་ཤོར་བའི་ཁར་ནང་ཁུལ་ནས་ཀྱང་གསོད་རེས་ཀྱིས་རྐྱེན་ལམ་དུ་ཤོར་གྱི་ཡོད་པ་རེད། གནས་སྟངས་འདི་དག་གི་ཐད་ལ་བོད་ནང་ནས་བོད་ཀྱི་བླ་ཆེན་འགའ་རེས་དོན་ཕན་ལྡན་པའི་མཛད་ཕྲིན་སྐྱོང་གི་ཡོད་མོད། དེ་དག་ལམ་སློང་ཡོང་བར་འགལ་རྐྱེན་མང་པོ་ཞིག་ཡོད་པ་ལྟར། ཁོང་རྣམ་པས་ནུས་ཤུགས་ཇི་ཙམ་སྒྲིམ་ནའང་ད་དུང་རང་འཇག་གི་ཟོལ་དུ་ལུས་ཡོད།


རྒྱུ་མཚན་འདི་དག་གིས་འདི་ནས་ཤོད་འདོད་པ་ཞིག་ལ་ད་ལོའི་རྡོར་གདན་དུས་དབང་སྐབས་སུ་བོད་ནས་ཡར་བོད་མི་མང་པོ་ཞིག་འབྱོར་ཡོད་པ་ལྟར། དུས་དབང་ཚར་རྗེས་རང་ཡུལ་དུ་ལོག་མཁན་ཡང་མང་པོ་ཞིག་ཡོང་ངེས་པར་བརྟེན། ང་ཚོས་གོ་སྐབས་བཟང་པོ་འདི་དམ་འཛིན་གྱིས། ད་ལོའི་དུས་དབང་གནང་སྐབས། སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་དང། དེ་བཞིན་རྩོད་རྙོག་འདུམ་སྒྲིག་ཁང་སོགས་སྤྱི་སྒེར་གྱི་ཚོགས་པ་ཁག་གིས་དེ་ཚོའི་སྐོར་ལ་གསུང་བཤད་ལམ་སྟོན་དང་། གོ་རྟོགས་སྤེལ་ཐབས་ཤིག་ཡོང་ན་ཧ་ཅང་རིན་ཐང་ཅན་ཞིག་ཡོང་ངེས་རེད། དེ་མིན་ང་ཚོས་རྩོད་རྙོག་སྡུག་ས་དང་། མི་མང་གི་བདེ་འཇག་ཉེན་ཁ་ཆེ་ཤོས་རྣམས་ཟུར་དུ་བཞག་ནས། ཉེན་ཁ་དང་རྩོད་རྙོག་ཉུང་ས་ནས་འུར་སྒྲོག་གནང་ན་དེ་ཙམ་གནས་ལུགས་ཡོད་པ་ཞིག་ཀྱང་མ་རེད་དྲན། (འདིས་གོང་གི་ཚོགས་སྡེ་གཉིས་ལ་རེ་བ་བྱས་པ་ལས་ཟུར་ཟ་བྱས་པ་མིན།) སྤྱིར་བཏང་བོད་མིའི་སེམས་དང་བསམ་པའི་གཏིང་གི་༸རྒྱལ་བ་དོན་གྱི་བདག་པོས་ཀྱང་འདི་ལོར་བཀའ་སློབ་ཕེབས་ངེས་ཡིན་སྲིད་ལ། འདི་ནི་ཁོང་གི་དུས་ལས་མ་ཡོལ་བའི་མཛད་པའི་ཕྲིན་ལས་ཀྱི་ཆ་ཤས་ཤིག་ལའང་བགྲང་གི་ཡོད། རེད་དེ། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ང་ཚོས་ཀྱང་གནད་དོན་འདིའི་ཐད་ལ་དུས་ཚོད་གཏོང་འོས་ལ། ཡ་མེད་དང་། མ་གོ་མདོག་མདོག་གིས་ཟུར་འདུག་མི་བྱེད་པར་གནས་སྟངས་སྡུག་ས་ནས་གདོང་ལེན་གནང་འོས་པ་ཞིག་རེད།


དེ་བཞིན་ད་ལོའི་རྡོར་གདན་དུ་དུས་དེབ་དང་ཚགས་ཤོག་བཅས་ཆར་རྗེས་ཀྱི་ཤ་མོང་བཞིན་འགྲེམས་སྤེལ་བྱེད་ཚོད་འདུག་ལ། དེ་དག་གིས་ཀྱང་མང་ཚོགས་དང་། མི་རིགས་ཀྱི་དཀའ་སྡུག་ཟབ་ས་ནས་གླེང་བ་དང་། དེ་དག་གི་ཆེད་དུ་རྩོམ་ཡིག་འབྲི་སྤེལ་དང་། གོ་རྟོགས་སྤེལ་ཐབས་ཤིག་གི་གོ་སྐབས་དམ་འཛིན་གནང་དགོས། དེ་མིན་ཤོག་བུ་གནམ་ལ་ཁྱེར་བ་ལྟ་བུའི་རྩོམ་ཡིག་དང་ལས་འགུལ་རྣམས་ནི་ད་དུང་ང་ཚོ་མང་ཚོགས་དང་ཁ་ཐག་རིང་པོ་ཞིག་ལ་གནས་ཡོད་ཅེས་པ་ལྟ་བུ་ཞིག་རེད་ལ། ད་དུང་གཅིག་བཤད་ན། ང་ཚོས་མང་ཚོགས་ལ་དོན་དམ་པའི་འགན་ཁུར་ཞིག་བྱེད་ཀྱི་མེད་ཅེས་པ་ལྟ་བུའང་རེད། ། བང་ཆེན་ཚགས་ཤོག་ནང་སྤེལ།