བོད་ཀྱི་བང་ཆེན། སློབ་གསོ། བོད་ཀྱི་ལོ་རྒྱུས། གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༤
འདོན་ཐེངས་སྔོན་མའི་འཕྲོས།

༢རང་རེའི་ལོ་རྒྱུས་དང་གཏེར་ཡིག་ཕལ་མོ་ཆེ་བའི་ནང་དུ་རྒྱལ་པོ་གྲི་གུམ་བཙན་པོ་ནི། མཚན་བཏགས་པ་ནོངས་པས་ཐུགས་ལ་གདོན་ཞུགས་ཏེ་ལོ་ངམ་རྟ་རྫི་དང་འཐབ་ནས་གྲོངས་པ་ཡིན་ཞེས། དངོས་བདེན་ལ་ནོངས་པའི་འཐབ་འཁྲུག་གི་རྒྱུད་རིམ་གྲ་འགྲིག་པོ་ཞིག་གི་ཐོག་ཏུ་བཞག་པ་ཙམ་ལས། དོན་དངོས་ཀྱི་གནས་ལུགས་ཡོད་ཚད་གསར་བཟོའི་གཏམ་རྒྱུད་ཀྱི་རྒྱབ་ཕྱོགས་སུ་སྦས་ནས་གཉུག་མའི་གཤིས་ལུགས་བསུབ་ཅི་ཐུབ་བྱས་ཡོད་པ་དང༌། ལྷག་པར་དུ་གྲི་གུམ་བཙན་པོ་ནི་ཆེས་སྡུག་རྩུབ་དང་གཏུམ་དྲག་ཆེ་བའི་རྒྱལ་སྲས་ཤིག་ཏུ་བཙས་པའི་དཀྱོག་བཤད་བྱ་ཐབས་ཁོ་ན་བྱས་ཡོད་ཚུལ་ཡིག་ཆ་ཁག་ཏུ་གསལ་ཡོད། དོན་དངོས་ལ། རྒྱལ་པོ་གྲི་གུམ་བཙན་པོ་དང༌། ལོ་ངམ་གཉིས་འཐབ་དོན་ནི། ཆབ་སྲིད་དང་ཆོས་ལུགས་ཀྱི་གནད་དོན་ཐད་མ་མཐུན་པར་ཁྱོད་ཤི་ང་གསོན་གྱི་འགལ་ཟླའི་མེ་ཆེན་དྲག་ཏུ་འབར་བའི་དབང་གིས་རྒྱལ་པོ་ཚང་གི་སྲིད་དབང་ལ་ཕམ་ཉེས་སུ་གྱུར་པ་དང༌། དེའི་རྗེས་སུ་ལོ་ངམ་གྱིས་མི་ལོ་ཧྲིལ་པོ་བཅུ་གསུམ་རིང་བོད་ཀྱི་རྒྱལ་སྲིད་ཟིན་པར་འཁོད། དེ་ཡང༌། བོན་གཞུང་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། དྲི་གུམ་བཙན་པོའི་རིང་ལ་ནི། །བོད་ཁམས་ཕུང་དུ་ཐོ་བས་ན། །བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང༌། །

དེ་དུས་རྒྱ་གར་བ་ལ་ར་ཙའི་ཡུལ། །དུན་ཙེ་པར་བུའི་མགོ་ཅན་གྱིས། །རྒྱ་གར་བུདྷ་དྷའི་སྐད་རྣམས་བསྒྱུར། །རྒྱལ་བློན་སེམས་བསྒྱུར་སྣང་བ་དབང་དུ་བསྡུས། །རྒྱལ་པོ་གླེན་པ་གྲི་གུམ་དང༌། །བོན་གཤེན་རྣམས་ཀྱི་བར་དུ་ནི། །ཆེ་གཉིས་དྲེགས་པའི་མེ་ཡང་འབར། །ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། །བོན་བསྣུབས་ཆོས་ལ་བློ་གཏད་པས། །གཤེན་པོ་རྣམས་ཀྱིས་ལྐོག་ཏུ་དམོས། །བདུད་མོ་ཀུན་ལ་བསྟབ་པ་བྱས། །དེ་སླད་བོན་སྣུབས་བུ་ཡོགས་ཀྱིས། །རྒྱལ་པོ་འབངས་ཀྱིས་གྲི་རུ་བཀུམ། །ལོ་ངམ་རྟ་རྫིས་གྲི་ན་བསད། ཅེས་འབྱུང་ཞིང༌། སྐད་ཆ་དེའི་ཚིག་སྒྲོས་ལ་བསམ་གཞི་ཞིག་ཐོན་པ་ནི། བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་དེ་ཙམ་ལའང་ལོ་ཙཱ་བ་བརྒྱུད་ནས་བོད་དུ་ནང་ཆོས་ཐེངས་ཤིག་སྒྱུར་ཏེ་དར་གྲབས་བྱས་པས། གདོད་མའི་བོན་ལུགས་ལ་ཕོག་ཐུག་ཚོད་མེད་བྱུང་ཞིང༌། མཐར་རྒྱལ་བློན་འཁོར་འབངས་ཡོད་རྒུ་འཁྲུག་གཞི་ཆེན་པོ་གྱུར་སོང་བར་མངོན་ཞིང༌། དོན་ལ། སྐབས་དེར་ནང་ཆོས་དར་མགོ་ཚུགས་ཡོད་མེད་ཇི་ལྟར་ཡང༌། རྒྱལ་པོ་གྲི་གུམ་བཙན་པོས་བོན་ཆོས་བསྣུབས་གྲབས་བྱས་པ་དངོས་བདེན་ཡིན་པ་བོན་གཞུང་ཁག་ལས་བལྟས་ན་ཟུར་བལྟས་ལེབ་མཐོང་གི་དཔེར་ལྟར་ཤེས་ནུས་ཏེ། དར་རྒྱས་གསལ་སྒྲོན་ལས། བཙན་པོ་ཁྲི་ལྡེ་ཡགས་པ་དང་བཙུན་མོ་སྒྲང་ཟ་ལྷ་རྒྱན་གཉིས་ལ་ཐེའུ་རང་མ་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ། ཟླ་བ་དགུ་ངོ་བཅུ་ནས་སྲས་གཅིག་འཁྲུངས་པ་དེ་ཡང༌། ཟླ་བ་ལས་ལོ་གྲངས་སུ་སྐྱེད་ཙམ་ན། སྐྲ་རྩ་དམར་བ། མིག་ཟླུམ་པ། ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཞིག་བྱུང་སྟེ། མའི་རུམ་ནས་གྲི་རྟགས་ཚང་བས། སྐུ་གཤེན་ཕ་བ་འཚེ་གཅོ་ཡིས། མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ། །ཞེས་དང༌། ཏྲི་རྒྱལ་ལོང་ངམ་རྟ་རྫི་དེས། གདུག་པའི་གྲི་མདའ་སྟོང་ནག་གི། །དཔྲལ་བའི་དབྱེས་སུ་བརྒྱབས་ཏེ་བསད། །ཅེས་དང༌། པུར་ས་ལ་ལུས་པ་དེ། ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ། འདའ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐྱུར་ཏོ། །སྲས་སྤུ་ལྡེ་དང་ཉ་ཁྲི་གཉིས། དྭགས་རྐོང་གཉིས་སུ་སྤྱུགས། བློན་པོ་དྲགས་པ་བསད། ཞན་པ་སྤྱུགས། བཙུན་མོ་ལུག་རྫི་ལ་བཅུག སྲས་མོ་ལྷ་ལྕམ་ཁབ་ཏུ་བླངས་ནས། རྒྱལ་ས་ལོ་བཅུ་གསུམ་ཁོས་བཟུང་ངོ༌། །ཞེས་འཁོད་ཅིང༌། སློབ་དཔོན་བསྟན་འཛིན་རྣམ་དག་གིས་ཀྱང་དོན་སྙིང་དེ་དང་འདྲ་བའི་བཤད་སྒྲོས་བསྐྱར་ཟློས་བྱས་ཤིང༌། བོན་སྒོ་ལས། གྲི་གུམ་གྱི་ཚེ་སྟོད་ལ་གཡུང་དྲུང་བོན་ལ་གོང་མའི་ལུགས་བཞིན་མཛད་ནའང་ཚེ་སྨད་དུ་བོན་ལ་ལོག་སྒྲུབ་ཀྱིས་བཀའ་ཆད་བབ་སྟེ་སྤྱི་གཙུག་གི་དམུ་ཐག་ཆད་ཅིང་རྐྱེན་ངན་ཆེ་གསུམ་དབང་གིས་མེ་འབར་བ་ལ་ཆུང་གསུམ་དབང་གིས་ཕྲ་མའི་ཤིང་བསྣན་ནས་གཡུང་དྲུང་(གཟུར་གནས་བན་བོན་སུས་ཀྱང་གཡུང་དྲུང་བོན་གྱི་སྐོར་ཞིབ་འཇུག་རྣལ་མ་མཐིལ་ཕྱིན་ཞིག་གནང་ཐུབ་ཚེ། གཡུང་བོན་ཞེས་ཡོད་པ་འདི་ནི་རྡོག་དོན་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལས་ལོགས་སུ་གཞན་ཞིག་མིན་པའི་གནས་ལུགས་གསལ་རྗེན་དུ་དོན་ངེས་རེད་འདུག་སྙམ་ལ། སྐབས་འདིར་གཡུང་དྲུང་བོན་ཞེས་ཐོན་པ་ནི་དོན་དངོས་ལ་གནས་མིན་དཔྱད་གཞི་ཙམ་ཞིག་མིན་ནམ་སྙམ་སྟེ། ད་ལྟར་ཡོད་པའི་གཡུང་དྲུང་བོན་ནི་དུས་རབས་དགུ་པ་དང་བཅུ་པའི་ཡས་མས་ཙམ་ནས་བྱུང་བ་ཙམ་གྱི། ལུང་རིགས་དངོས་དོན་ཅི་ལ་བལྟས་ཀྱང་བོད་བཙན་པོའི་དུས་རིམ་ནང་དུ་གཡུང་དྲུང་བོན་ཟེར་བ་དངོས་བདེན་ལ་འབྱོར་ཐབས་དཀའ་སོང༌།)གི་བོན་ཅུང་ཞིག་བསྣུབས་པས། རྒྱལ་ཕྲན་བློན་ཆེན་ལོ་ངམ་གྱིས་འབངས་གྱེན་ལོག་བྱས་ཏེ་མཐར་རྒྱལ་པོ་ཡང་བཀྲོངས། གྲི་གུམ་གྱི་སྲས་མོ་རང་གི་ཆུང་མར་བྱས། སྲས་སྤུ་ལྡེ་དྭགས་ཀོང་ཡུལ་དུ་སྤྱུགས། བཙུན་མོ་ལུག་རྫི་བྱེད་དུ་བཅུག སྐུ་གདུང་ཉང་ཆུར་བསྐྱར་ཞེས་སོགས་མདོར་ན་རྒྱལ་རབས་ཆོས་འབྱུང་མང་ཆེ་བ་གྲི་གུམ་བཙན་པོ་ལོ་ངམ་གྱིས་བཀྲོངས་པའི་བཤད་སྟངས་སྤྱི་བྱིངས་ནས་གཅིག་མཚུངས་ཡིན། འོན་ཀྱང༌། བཀྲོངས་པའི་སྙིང་དོན་ནི་གྲི་གུམ་བཙན་པོ་གླེན་ལྐུགས་དང༌། གཏུམ་དྲག་ཆེ་བ། མཚན་བཏགས་ནོངས་པ་སོགས་ཀྱི་དབང་གིས་མ་ཡིན་པར། བོན་བསྣུབས་པར་བརྩམས་པའི་དབང་གིས་རྒྱལ་བློན་དབར་འཁྲུག་ལོངས་ཆེན་པོ་ཤོར་བ་དངོས་བདེན་དུ་སྣང༌། དེ་ཡང༌། ཆབ་སྤེལ་གྱིས་ཀྱང་རྒྱལ་བློན་དེ་གཉིས་འཁྲུག་དོན་བོན་ལ་ཐུག་ཚུལ་བསམས་ཡོད་དེ། ཁོང་གི་གསུང་རྩོམ་ལས། བོད་ཀྱི་རྒྱལ་རབས་ཕལ་ཆེ་བ་ནས་གྲི་གུམ་དང་ལོ་ངམ་གཉིས་འཁྲུགས་པའི་རྒྱུ་མཚན་གང་ལ་ཐུག་མ་བཤད་པར་འཛིངས་པའི་ལོ་རྒྱུས་ཡ་མཚན་ཅན་ཞིག་བཤད་པ་མང་གསུངས་པ་དེའང་རྒྱུད་མཚན་ཅན་དུ་སྣང་སྟེ། བོན་གྱི་མཛོད་སྒྲ་འགྲེལ་སོགས་ལས་འབྱུང་བ་ལྟར་ན། ཡབ་མེས་རྣམས་ཀྱིས་བོན་པོའི་སྐུ་གཤེན་དག་ལ་བཀུར་སྟི་དང་ཆེ་བསྟོད་ཇེ་མཐོར་གནང་བའི་ལུགས་ལྟར་གྲི་གུམ་ཀྱིས་ཀྱང་མཛད་པས། སྐབས་དེར་རྒྱལ་གཤེན་དོ་མཉམ་པ་ཙམ་ཆགས་པ་མ་ཟད། “གཤེན་ངག་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར། རྒྱལ་བློན་གླུ་བྲོ་མི་རོལ།”ཞེས་པ་སོགས་མཐའ་ན་བཙན་པོའི་གོང་དུ་སྐུ་གཤེན་ཆེ་བའི་སྲོལ་ཆགས་པར་བརྟེན་བློན་པོ་ལི་བཙན་བཞེར་སོགས་ཀྱིས་བཙན་པོ་ལ་གསོལ་བ་“དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱི་ལྗིད། ཟས་ཞིམ་པོ་མྱངས་དྲགས་ན་སྐྱུག་བྲོ། ཤིག་འཁྱགས་རྐང་ལ་ཞུགས་ནས། སྤྱི་བོའི་གཙུག་རྙེག་”
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

 

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow