བོད་གཞུང་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས།
དེང་སྐབས་བོད་པའི་སྤྱི་ཚོགས་ནང་མཆིན་ནད་རྐྱེན་གྱིས་འདས་གྲོངས་སུ་འགྲོ་བའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། སྤྱི་ཚོགས་ནང་བགྲེས་གཞོན་མང་པོ་ཞིག་ལ་མཆིན་ནད་དང་འབྲེལ་བའི་ནད་གཞི་ཡོད་པ་མངོན་ཡོང་གི་འདུག སྤྱིར་མཆིན་ནད་འདི་ནད་གཞི་འདྲ་མིན་གྱིས་བླ་གཉན་བརྒྱད་ཡོང་བ་དང༌། ཡང་ཕྱི་ལུགས་སྨན་འདྲ་མིན་གྱི་ཟུར་ཕོག་རྐྱེན་གྱིས་ཡོང་ཡང་ནད་གཞི་འདིའི་རྒྱུ་གཙོ་བོ་ནི་མི་སོ་
སོའི་ཟས་དང་སྤྱོད་ལམ་ལོག་པ་ཁོ་ནར་ཐུག་ཡོད། གསོ་བ་རིག་པའི་སྨན་གཞུང་ནང༌། རྒྱུ་ནི་ཚ་སྐྱུར་ཟས་དང་དྲག་ཤུལ་སྐྱེད། ཞེས་གསུངས་པ་ལྟར་སྤྱིར་རྒྱུ་དངོས་རླུང་མཁྲིས་བད་ཀན། ཁྲག་དང༌། ཆུ་སེར་བཅས་ཡིན་ཡང༌། དེའི་ཕྱིར་འཕྲལ་རྐྱེན་ནི་ཁ་ཟས་སུར་པན་ལ་སོགས་པ་སྨན་སྣ་འདྲ་མིན་གྱི་རོ་ཚ་བ་དང༌། སྐྱུར་ཆེ་བ། ཞག་ཚིལ་དང་སྣུམ་རིགས་ཆེ་བ་ལ་སོགས་པ་ལྕི་བཞིན་བཅུད་ལྡན་རུལ་སུངས་དང༌། ཤ་རུལ། ཆང་རག་མང་དྲག་པ་དང༌། སྤྱོད་ལམ་ངོས་ནས་ལུས་ཀྱི་སྤྱོད་ལམ་དྲག་ཤུལ་སྣ་ཚོགས་དང༌། ངག་གི་སྒོ་ནས་དྲག་རྩུབ་བབ་ཅོལ་གྱི་གཏམ་མང་དྲགས་པ། ཡིད་ཀྱི་སྒོ་ནས་སེམས་འཚབ་ང་རྒྱལ་དང་ཁོང་ཁྲོ་ཆེ་དྲགས་པ་སོགས་ལ་འཇུག་པའི་རྐྱེན་གྱིས་བསྐྱེད་པ་ཞིག་གོ ང་རང་ཚོའི་སྤྱི་ཚོགས་ནང་མཆིན་ནད་དང་འབྲེལ་བའི་ནད་གཞི་ཁྱབ་ཆེན་པོ་ཡོད་པའི་རྒྱུ་མཚན་དཔྱད་ཞིབ་བྱས་ན་གཙོ་ཆེ་མཆིན་ནད་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་གསལ་པོ་མེད་པ་རང་ལ་མཆིས་པས། ཟས་ལ་ཆ་བཞག་ན་བོད་པ་ཤུགས་ཆེ་བས་ས་གནས་དང་གནམ་གཤིས་ལ་ལོག་པའི་མཁྲིས་ལྡང་ཆེ་བའི་ཤ་དང་མར། ཆང༌། སྐྱུར་རྩི་སྙལ་སྦྱོརལྡན་པའི་ཟས་རྒྱུན་དུ་སྤྱོད་པ་དང༌། སྤྱོད་ལམ་ངོས་ནས་ཀྱང་དེང་སང་མི་ཤུགས་ཆེ་དེང་དུས་འཇིག་རྟེན་གྱི་འཚོ་བ་ནང་འཐིམ་པའི་རང་རྒྱལ་གཞན་ཕམ་གྱི་ལྟ་བ་དྲག་པོ་ཁྱེར་བའི་ང་རྒྱལ་ཞེ་སྡང་གི་གཞི་སློང་བ་མ་ཟད། ན་གཞོན་ཤུགས་ཆེ་ནང་ཉལ་ཐ་སྨན་ཁབ་དང༌། ཆགས་སྤྱོད་ལོག་པ་ལ་འཇུག་པའི་མཆིན་ནད་དུག་ཐབས་གྱྟསྣྲཎྤདྲྤདྲཔྲལ་སོགས་པ་མཆིན་ནད་དང་འབྲེལ་བའི་ནད་གཞི་མང་པོ་འགོས་ཁྱབ་ཡོང་བའི་མཐུན་རྐྱེན་སྦྱོར། ད་ལྟའི་ཆར་ང་རང་ཚོའི་སྤྱི་ཚོགས་ནང་མཆིན་ནད་རྐྱེན་གྱིས་ཚེ་ལས་འདས་པ་མང་པོ་ཞིག་མཆིན་ནད་དུག་ཐབས་ཀྱི་ནད་གཞི་ཡོད་པ་མ་ཟད། སྤྱི་ཚོགས་ནང་འདས་པའི་ལོ་ཤས་ནང་ནད་གཞི་འདི་ཇེ་མང་དུ་འགྲོ་བ་ཚང་མས་མཁྱེན་གསལ་རེད། དེ་སྔ་བོད་པའི་སྤྱི་ཚོགས་ནང་ཐོག་མ་མཆིན་ནད་དུག་ཐབས་ཐོག་དངངས་ཚབས་ལངས་པའི་སྐབས་༡༩༩༨ ནང་ཕྲན་གྱིས་ལྡི་ལི་བོད་སྒར་གཞིས་གནས་ལ་དེ་ག་འཕྲོད་བསྟེན་ཡན་ལག་སྨན་ཁང་གིས་བརྟག་དཔྱད་གཞིར་བཞག་བལྟ་ཞིབ་བྱེད་སྐབས་མི་གཅིག་སྟོང་ཙམ་ནས་མི་བརྒྱ་ལྷག་ཙམ་མཆིན་ནད་དུག་ཐབས་ཀྱི་ནད་འབུ་ཡོད་པ་དང༌། ཡང་༢༠༠༣ ནང་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ལ་བལྟ་ཞིབ་བྱས་སྐབས་མི་༡༤༠༠ ལྷག་ཙམ་ལ་ནད་འབུ་ཐོན་ཡོད། ཡིན་ཡང་རྒྱུན་དུ་གནས་ཚུལ་གསལ་པོ་བཟོས་དགོས་པ་ཞིག་ལ་མཆིན་ནད་དུག་ཐབས་ཀྱི་ནད་འབུ་ཡོད་པ་ཙམ་གྱིས་མཆིན་ནད་ཡོང་གི་ཡོད་པའམ་མ་འོངས་མཆིན་ནད་ཚབས་ཆེན་པོས་མནར་གྱི་ཡོད་པའི་ཁྱབ་པ་མིན། མཆིན་ནད་དུག་ཐབས་ཀྱི་ནད་འབུ་ཡོད་པ་ནད་པ་བརྒྱ་ཆ་༩ ཙམ་ཞིག་མཆིན་པའི་བྱེད་ལས་རང་གིས་གསོ་འགྲོ་བ་དང༌། བརྒྱ་ཆ་ལྷག་མ་བཅུ་ནས་ལྔ་ཙམ་མི་ཚེ་གང་པོར་ནད་འབུ་གནས་ཀྱང་དམིགས་སུ་ནད་རྟགས་མི་ཐོན་པ་དང༌། བརྒྱ་ཆ་ལྔ་མ་འོངས་མཆིན་ནད་ཚབས་ཆེན་པོ་ཡོང་སྲིད་པ་ཡིན། ཡིན་ཡང་སྔོན་རྩིས་འདི་ལ་ཆ་བཞག་ནས་མཆིན་ནད་དུག་ཐབས་ཡོད་པའི་སྐྱེ་བོ་གང་ཞིག་གིས་ཟས་སྤྱོད་ལ་དོ་སྣང་མ་བྱས་ནས་ལོག་སྤྱོད་བསྟེན་ན་ཉེ་རིང་མཆིན་ནད་ཡོང་བ་ཉག་ཅིག་རེད། དེར་བརྟེན་གལ་ཆེ་ཤོས་ཞིག་ལ་མཆིན་ནད་དུག་ཐབས་ཀྱི་ནད་གཞི་ཡོད་པ་རྟོགས་ཡོང་དུས་ནད་གཞི་ཛ་དྲག་པོ་ཞེ་དྲག་རེད་བསམས་ནས་སེམས་ཞུམ་པ་མ་ཡིན་པ་དང༌། ཡང་ནད་གཞི་འདི་བརྒྱ་ཆ་༡༠ ལ་མ་གཏོགས་གནོད་སྐྱོན་ཡོང་གི་མི་འདུག་དགོངས་ནས་ལྷོད་ཡེངས་མི་འགྲོ་བ་ཚང་མས་ནད་གཞི་འདི་ངོས་ཟིན་དུས་སོ་སོས་ཟས་དང་སྤྱོད་ལམ་ཐོག་དོ་སྣང་གིས་མཆིན་པ་ལ་ཕྱོགས་གང་ས་ནས་གྲོགས་བྱེད་དགོས། མཆིན་མཚེར་གཉིས་ནི་བཙུན་མོ་ཆེ་ཆུང་འདྲ། ཞེས་གསུངས་པ་ལྟར་རྒྱལ་ཁབ་གཅིག་གི་བཙུན་མོའམ་ནང་གི་ཨ་མ་ལྟ་བུ་མཆིན་པས་ང་ཚོའི་གཟུགས་པོའི་ནང་ཟས་སྐོམ་ཚང་མའི་ཟུངས་བཅུད་ཉར་བཞིན་དགོས་མཁོ་ག་བ་གནས་སར་གཏོང་བ་དང༌། སྙིང་དང་མཚེར་པ་རྒྱུ་མ་ལ་སོགས་པ་དོན་ལྔ་སྣོད་དྲུག་གི་བྱེད་ལས་ལ་རོགས་བྱེད་ཀྱི་ཡོད། སྤྱིར་མཆིན་པའི་བྱེད་ལས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་མཆིན་པའི་གནས་སམ་ཕུང་གྲུབ་གང་སར་གནོད་སྐྱོན་བྱུང་ཡང་མཆིན་པ་རང་གིས་བསྐྱར་གསོ་ཐུབ་པའི་ནུས་པ་ཡོད། ཡིན་ནའི་དུས་བསྲིང་ནས་མཆིན་པར་དོ་ཕོག་ཡོང་བའི་ཟས་སྤྱོད་བསྟེན་པ་དང༌། དམིགས་སུ་སྔར་ནས་མཆིན་ནད་དུག་ཐབས་དང་མཁྲིས་ནད་ལ་སོགས་པ་ནད་གཞི་ཡོད་ན་མཆིན་པར་གནོན་ཤུགས་ཆེ་བའི་མཆིན་ནད་ཡོང་བའི་ཉེན་ཚབས་ཧ་ཅང་ཆེ་བ་ཡོད། མཆིན་ནད་ལ་སོགས་པ་ནད་གཞི་གསོ་དཀའ་བ་དང་འགྲོ་གྲོན་ཆེ་བའི་ནད་པ་དང་ནད་པའི་ནང་མི་ཙམ་ལ་དོ་ཕོག་ཡོང་བ་མ་ཟད། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་རྩ་དོན་ལ་ཡང་གནོད་ཕོག་ཡོང་གི་ཡོད་པར་བརྟེན་མཆིན་པའི་ནད་ཡམས་འདི་བཀག་ཆེད་ང་ཚོས་གང་ཐུབ་ནད་གཞི་འདི་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་སྤེལ་ཐབས་དང༌། མི་རེ་ངོ་རེ་ནས་འགན་ཁུར་གྱིས་དུས་ཐོག་ལ་མཆིན་ནད་དུག་ཐབས་ལ་སོགས་པ་ནད་གཞི་ཡོད་མེད་བརྟག་དཔྱད་དང༌། དེ་མཚུངས་རྒྱུན་དུ་ཟས་དང་སྤྱོད་ལམ་ཐོག་དོ་སྣང་གང་གཟབ་ཀྱིས་ཟས་སྤྱོད་ཚུལ་བཞིན་བསྟེན་ཐབས་ལ་འབད་བརྩོན་བྱེད་དགོས།།









