དེ་རིང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་སླེབས་པའི་ནང། རྒྱ་བལ་འབྲུག་གསུམ་དང། བྱང་ཨ་རི། ཡུ་རོབ་བཅས་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ཏུ་གནས་སྡོད་བོད་མིའི་ཁོངས་ནས་སྤྱི་འཐུས་གཅིག་གི་ས་ཁོངས་སྤར་དགོས་པའི་ཁྲིམས་འཆར་ཞིག་སླེབས་ཡོད་པ་དང། མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་དགག་བྱ་གནང་ནས་མཐར་གྲོས་ཚོགས་ནས་བཅའ་ཁྲིམས་དགོངས་དོན་བཞིན་བསྐྱར་བཅོས་དེར་རྒྱབ་སྐྱོར་ཐོབ་མེད་པ་རེད།
བཅའ་ཁྲིམས་བསྐྱར་བཅོས་དེ་ཐོབ་པ་ཡིན་ན་གཙོ་ཆེ་ཤོས་བོད་རིགས་མི་འབོར་མང་ས་ཨོ་སི་ཁྲིར་ལི་ཡ་དང་། ནེའུ་ཛེར་ལན་ཌི། དེ་བཞིན་ཐེ་ཝན་དང་། ཉི་ཧོང་། ལྷོ་ཨ་ཧྥི་རི་ཀ ལྷོ་ཨ་མི་རི་ཀ་སོགས་རྒྱ་བལ་འབྲུག་གསུམ་དང་། བྱང་ཨ་རི། ཡུ་རོབ་བཅས་ཀྱི་ཁོངས་སུ་མ་ཚུད་པའི་བོད་མི་ཚོའི་ཆེད་དུ་སྤྱི་འཐུས་ཀྱི་སྐུ་ཚབ་གཅིག་གི་ས་ཁོངས་སྤོར་རྒྱུའི་འཆར་གཞི་ཡིན་ཡང། སྤྱི་འཐུས་༢༤ ཡིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་ཡང་། སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་དང། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་གཉིས་ཀྱིས་དགག་བྱ་གནང། སྤྱི་འཐུས་དྲུག་གིས་བར་བཞུགས་གནང་བ་ཡང་བཅའ་ཁྲིམས་བསྐྱར་བཅོས་སྐབས་དགག་བྱ་དང་གཅིག་པ་ཆགས་ཡོད།
སྐབས་དེར་གྲོས་ཚོགས་ནང་མེད་པ་༡ སྤྱི་འཐུས་རྒྱ་རི་བུ་ཕྲུག ༢ སྤྱི་འཐུས་བསོད་ནམས་བསྟན་འཕེལ། ༣ སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༤ སྤྱི་འཐུས་གཡུང་དྲུང་རྒྱལ་མཚན། ༥ སྤྱི་འཐུས་སྒྲོལ་མ་མཚོ་མོ། ༦ སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན། ༧ སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། ༨ སྤྱི་འཐུས་ཡེ་ཤེས་སྒྲོལ་མ། ༩ སྤྱི་འཐུས་རྒྱལ་ནོར་ཚེ་དབང་བཅས་སྤྱི་འཐུས་དགུ་མེད་པ་དང། ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་འོས་བླུགས་མེད་པས་བཅའ་ཁྲིམས་བསྐྱར་བཅོས་ལ་དགོས་ངེས་ཀྱི་རྩ་འབོར་གྱི་སུམ་ཆ་གཉིས་སྤྱི་འཐུས་༢༨ ཀྱི་རྒྱབ་སྐྱོར་དགོས་པ་དེ་ཐོབ་མེད་པ་རེད།།










བསམ་ཚུལ།
RSS feed for comments to this post.