བལ་ཡུལ་དུ་དམ་དྲག་ཡོད་མིན་ལ་མ་ལྟོས་པར་བོད་མི་ཚོས་ས་གནས་ཁག་སོ་སོར་མཆོད་འབུལ་སྨོན་ལམ་དང་། གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་སྐབས་བོད་མི་དྲུག་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།
ཉེ་བའི་ནང་བོད་ཨ་མདོ་དང་། ཁམས་ཁུལ་གྱི་གཙོས་བོད་ཀྱི་ས་ཁུལ་མི་ཉུང་བ་ནས་བོད་མིའི་ཐོག་རྒྱ་ནག་གི་དྲག་པོའི་དམག་དཔུང་གིས་དྲག་གནོན་བྱས་ནས་བོད་མི་དམར་གསོད་ཀྱི་གནས་སྟངས་ཚབས་ཆེན་ལ་གྱུར་པ་དང་། དེ་བཞིན་བོད་མི་ཚོ་ཐབས་ཟད་འུ་ཐུག་ནས་རྒྱ་ནག་གི་སྟངས་འཛིན་དྲག་གནོན་དེའི་འོག་ནས་འདུག་འདོད་མེད་པ་དང་། བདེ་སྐྱིད་དང་རང་དབང་གང་ཡང་མེད་པའི་རྣམ་འགྱུར་མཚོན་ཆེད་རྔ་པ་དང་། མགོ་ལོག། གསེར་རྟ། བྲག་མགོ། འཛམ་ཐང། རྟེའུ་སོགས་ནས་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེ་ལ་སྦར་བ་དང། ཞི་བའི་ངོ་རྒོལ་བྱས་ཏེ་ཛ་དྲག་གནས་སྟངས་ལས་སྐྱོབ་ཆེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་འབོད་སྐུལ་སྣེ་ཁྲིད་ནས་སྤེལ་རྒྱུའི་ཉིན་བརྒྱ་དུས་གཅིག་གི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེ་བལ་ཡུལ་དུ་དམ་དྲག་ཆེན་པོ་ཡོད་མིན་ལ་མ་ལྟོས་བར་བོད་མི་ཚོས་མཆོད་འཇོར་དང་། རྒྱལ་འཕགས། ལཱ་ལེ་པུར་སོགས་ས་གནས་ཁག་སོ་སོར་ཆར་བ་བབས་ནས་གྲང་ངར་ཆེ་བའི་གནམ་གཤིས་ཁྲོད་སྤེལ་ཐབས་བྱས།
སྐབས་དེར་བལ་ཡུལ་གཞུང་གིས་ས་གནས་གང་སར་ཉེན་རྟོག་པ་དང་། དམག་མི་བཏང་ནས་བོད་མི་ཚོའི་འགྲོ་བསྐྱོད་འདུ་འཛོམས་ལ་དམ་དྲག་དང་ཚད་བཀག་ཆེན་པོ་བཟོས་ཐོག། ཆོས་ཕྱོགས་དང་འབྲེལ་བའི་ལས་འགུལ་བ་སྔོག་བཤེར་དང་། ར་སྐོར་དང་ཁང་པ་ནས་ཉིན་གང་ཕྱི་ལ་ཐོན་དུ་མ་བཅུག་སོགས་དོ་དམ་བྱས་ཡོད་པ་རེད། མ་ཟད་ཉིན་དེར་སྔ་ཕྱིར་ས་གནས་ཁག་འདྲ་མིན་ནས་བོད་མི་ཐུབ་བསྟན་དང་། སྐལ་བཟང་། ཨ་རོགས་སོགས་བོད་མི་ཕོ་མོ་དྲུག་རྔམ་སྟོན་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་བར་དོགས་ནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས།
དགོང་དྲོར་མི་མང་དྭངས་བླངས་པ་དང་། ས་གནས་གཞོན་ནུ་ཚོགས་པ་བཅས་ནས་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཐབས་བྱས་སྐབས་ཉེན་རྟོག་པ་དང་། དམག་མི་མང་པོས་བོད་མི་ཚོ་འཛིན་བཟུང་བྱེད་རྩིས་དང་། དམ་དྲག་གིས་བོད་མི་འདུ་འཛོམས་བྱེད་དུ་མ་བཅུག་པར་ཁ་འཐོར་ལ་བཏང་བ་སོགས་བྱས་བཔར་བརྟེན་སྔོན་འཆར་ལྟར་མར་མེ་ཁྲོམ་སྐོར་བྱེད་རྒྱུ་ལམ་ལྷོང་བྱུང་མེད་པ་རེད།
བལ་ཡུལ་ས་གནས་གསར་འགོད་པས།










