ཟླ་འདིའི་ཚེས་༤ ཉིན་ལྷ་སའི་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་དང་སྐྲ་ཕུད་ལེན་པའི་མཛད་སྒོ་ཞེས་པ་འཚོགས་ཤིང། མཛད་སྒོའི་ཐོག་རྒྱ་གཞུང་གིས་ངོས་བཟུང་བའི་པཎ་ཆེན་རྒྱལ་མཚན་ནོར་བུས་ གསེར་བུམ་དཀྲུགས་ནས་སྡེ་དྲུག་སྐུ་འཕྲེང་ལྔ་པའི་ཡང་སྲིད་ཅེས་པ་ངོས་འཛིན་བྱས་འདུག
ད་དུང་མཛད་སྒོ་དེའི་ཐོག་ཏུ་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་བློ་བཟང་རྒྱལ་མཚན་དང། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཤན་རྩ་བསྟན་འཛིན་ཆོས་གྲགས་དང་། རྡོ་རྗེ་ཚེ་རིང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་སོགས་ལྷ་ས་དང་ལྷོ་ཁ་ས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བ་ཞུགས་ཡོད་པ་མ་ཟད། ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་དང་། སློབ་སྟོན་ཚོགས་ཆུང་གི་ཁོངས་མི། ཡང་སྲིད་རྩད་འཚོལ་ཚོགས་པའི་ཁོངས་མི་དང། ཡང་སྲིད་ཀྱི་བདམ་བྱའི་འོས་མིའི་གཉེན་ཉེ་དུ་སོགས་ཀྱང་ཞུགས་ཡོད་པ་རེད།
སྡེ་དྲུག་སྐུ་འཕྲེང་རིན་བྱོན་ནི། ལྷོ་ཁ་ས་ཁུལ་གྱི་རྩ་སྐོར་དགོན་པའི་བླ་མ་ཡིན་འདུག་པ་དང། རྒྱ་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུས་སྡེ་དྲུག་སྐུ་འཕྲེང་ལྔ་པའི་ཡང་སྲིད་སྡེ་དྲུག་སྐུ་དྲུག་པ་ཡིན་ཟེར་བའི་ཕྲུ་གུ་དེ་ཉིད་ཀྱི་སྐྲ་ཕུད་བླངས་པ་མ་ཟད། མིང་དུ་འཇམ་དབྱངས་བློ་ལྡན་ཤེས་རབ་ཅེས་ཀྱང་བཏགས་ཡོད་པ་རེད། ད་སྐབས་ཀྱི་ཡང་སྲིད་ངོས་འཛིན་བྱེད་སྟངས་འདི། རྒྱ་ནག་རྒྱལ་ཁབ་ཆོས་དོན་ལས་ཁུངས་ཀྱིས་སྤྱི་བསྒྲགས་བྱས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་དོ་དམ་བྱ་ཐབས་གཞིར་བཟུང་ནས་བྱས་པ་ཞིག་ཡིན་པ་དང། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་སྡེ་དྲུག་སྐུ་འཕྲེང་དྲུག་པར་འཛིན་བྱས་པ་ཡིན་སྐོར་གསར་ལམ་དུ་བསྒྲགས་ཡོད་པ་རེད།།









