ཟླ་འདིའི་ཚེས་༨ ཉིན་མདོ་སྨད་ཀན་ལྷོ་འབྲུག་ཆུ་རྫོང་དུ་རི་ཉིལ་བའི་རྐྱེན་གྱིས་ཆུ་རུད་དམ་ས་རུད་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་བྱུང་ཡོད་པ་རེད། དེའི་ཐད་རྒྱ་ནག་གཞུང་འབྲེལ་གྱིས་སྔ་ཕྱིར་མི་གྲོངས་པའི་ཁ་གྲངས་མང་པོ་ཞིག་གསལ་བསྒྲགས་བྱས་པའི་ནང་དུ་ཟླ་འདིའི་ཚེས་༡༩ ཉིན་སླར་ཡང་གཞུང་འབྲེལ་གྱིས་གསལ་བསྒྲགས་སྤེལ་བའི་ནང་དུ། ཟླ་འདིའི་ཚེས་༡༩ ཉིན་གྱི་ཆུ་ཚོད་༢ པའི་བར། འབྲུག་ཆུའི་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ཆུ་ལོག་གི་གནོད་འཚེའི་ཁྲོད་དུ་མི་༡༣༦༤ རྐྱེན་ལམ་དུ་ཤོར་བ་དང་། མི་༤༠༡ གར་སོང་མེད་པར་གྱུར་པའི་གནས་ཚུལ་སྤེལ་འདུག
གནོད་སྐྱོན་འདིའི་ཐད་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་དུ། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་རོགས་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མ་གཏོགས་མཐོང་རྒྱུ་གང་ཡང་མེད་པ་རེད་ལ། ཕྱིར་བསྒྲགས་བྱས་པའི་མི་ཤི་བའི་གྲངས་འབོར་དེ་དག་ཏག་ཏག་ཡིན་མིན་ཡང་བཤད་ཚོད་ཁག་པོ་རེད།
འོན་ཀྱང་བཙན་བྱོལ་དུ་ཡོད་པའི་ཚོགས་སྡེ་ཁག་གིས་གནས་ཚུལ་དེའི་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་པ་དང། བསྔོ་བ་སྨོན་ལམ་དང་ཞལ་འདེབས་བསྡུ་བ་སོགས་ཀྱི་ལས་རིམ་འགྲོ་བཞིན་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་འབྲུག་ཆུའི་སྟོད་ཀྱི་ཐེ་བོ་ནས་ཡིན་པའི་བོད་མི་རྣམས་ཀྱིས་དམིགས་བསལ་གྲྭ་སེ་འབྲས་དགའ་གསུམ་སོགས་ལ་མཆོད་འབུལ་གཞི་རྒྱ་ཆེན་པོ་ཞིག་ཀྱང་བྱེད་བཞིན་པ་རེད།།









