གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༥ ཉིན་ཉི་འཛིན་འགོ་འཛུགས་ས་དང་པོ་ཨ་ཧྥི་རི་ཁ་དབུས་མའི་ནུབ་ཕྱོགས་ནས་བྱུང་བ་དང། རིམ་བཞིན་ཧིན་རྡུ་རྒྱ་མཚོ་ཆེན་མོའི་བྱང་ཕྱོགས་དང་རྒྱ་གར་གྱི་ལྷོ་ཕྱོགས། སིངྒ་ལིའི་བྱང་ཕྱོགས། འབར་མ་བཅས་བརྒྱུད་དེ་ཆུ་ཚོད་བཞི་པ་ཙམ་ལ་རྒྱ་ནག་གི་ཤར་ལྷོའི་ཕྱོགས་ཅའོ་ཏུང་ཕྱེད་གླིང་ནས་མཇུག་རྫོགས་ཡོད་པ་རེད།
རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཏ་མིལ་ན་དྷུའི་རམ་སི་ཝ་རམ་ཞེས་པའི་ས་གནས་ནས་སྔ་དྲོའི་ཆུ་ཚོད་༡༡ ནས་འགོ་བཙུགས་ཏེ་ཕྱི་དྲོའི་ཆུ་ཚོད་༣་༡༥ བར་ཡོངས་སུ་མཐོང་ཐུབ་པ་བྱུང་བ་དེ་མི་ལོ་༡༡༠ ནང་གི་ཐེངས་དང་པོ་དེ་ཡིན་པར་ཧིན་དྷུའི་དུས་བབ་ཅེས་པའི་ཚགས་པར་དུ་བཀོད་འདུག
ཉི་མ་ཧྲིལ་འཛིན་བྱུང་བའི་དུས་སྐབས་སུ་མི་རྣམས་ཀྱིས་པར་ཆས་ཀྱི་པིང་ཤོག་དང། མིག་ཤེལ་ནག་པོ། སྤྱིར་བཏང་གི་ཤེལ་སྒོ་ནག་པོ། ཉི་མར་བལྟ་བྱེད་ཀྱི་རྒྱང་ཤེལ་སོགས་སྤྱད་ཉི་འཛིན་ལ་བལྟས་ཡོད་པ་མ་ཟད། ས་ཆ་འགའ་ཤས་སུ་ཉི་འཛིན་ལ་མི་ལྟ་བའི་སློབ་གསོ་ཡང་བྱས་ཡོད་འདུག རྒྱུ་མཚན་ནི། ཉི་འཛིན་ལྟ་བར་བྲེལ་ནས་ཕྲུ་གུ་སྐྱེ་དམན་རྣམས་འཚང་ཁའི་དབུས་སུ་བརྡབ་ཆག་ཡོང་བར་དོགས་པ་ཞིག་ཡིན་པ་རེད། དེ་བཞིན་ས་ཆ་འགའ་ཤས་སུ་ཆོས་ལུགས་ཀྱི་བྱེད་སྒོའི་ཐོག་ནས་ཉི་འཛིན་མྱུར་དུ་གྲོལ་བའི་སྨོན་ལམ་སོགས་རྒྱག་མཁན་ཡང་ཡོད་པ་རེད།།






