ཕྱི་ཟླ་༡ པོའི་ཚེས་༣༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སུད་སི་གྲོང་ཁྱེར་ཛུ་རི་ཆའི་ནང་སིང་གྷ་པུར་དང། ཁོ་ཊར། སི་ཝི་སི་གསུམ་གྱི་མཉམ་འབྲེལ་སྒྲིལ་གྱིས་གོ་སྒྲིག་བྱས་ནས་འཚོགས་པའི་འཛམ་གླིང་དཔལ་འབྱོར་གྱི་གླེང་སྟགས་ཞེས་པའི་སྐབས། ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མ་ཡོང་བྷག་གིས་ལོ་འདིར་བྱང་ཀོ་རི་ཡའི་གཙོ་འཛིན་ཀིམ་ཇོང་ཨིལ་དང་ལྷན་དུ་འབར་མདེལ་གྱི་རྩོད་རྙོག་དང་ཀོ་རི་ཡའི་ཕྱེད་གླིང་དུ་བདེ་འཇགས་ཡོང་ཆེད་ཐུག་འཕྲད་ཀྱི་གྲོས་མོལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བྷི་བྷི་སི་གསར་ཁང་གི་བཅར་འདྲིར་ལན་འདེབས་གནང་འདུག
ཁོང་གིས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་ཡར་རྒྱས་ཆེད་ཐུག་འཕྲད་དེ་གནད་དོན་གལ་ཆེས་ཤིག་ཏུ་བརྩི་ཡི་ཡོད་ལ། ཐུག་འཕྲད་ཀྱི་ཚོགས་འདུ་དེ་ལོ་འདིའི་ནང་འཚོག་ཐུབ་པའི་རེ་བ་ཆེན་པོ་རྒྱག་གི་ཡོད་ཅེས་དང། ཁོང་གིས་ཚོགས་འདུ་དེའི་ངོ་བོ་དང་འབྲེལ་ནས་བརྗོད་དོན། རྒྱལ་ཁབ་གཉིས་ཀའི་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཞི་མོལ་དང་གཞོགས་འདེགས་བྱེད་རེས་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་འདུག
འཽན་ཀྱང་བྱང་ཀོ་རི་ཡས་ཐུག་འཕྲད་ཀྱི་ཚོགས་འདུ་དེར་ངོས་ལེན་བྱས་མེད་པ་དང། གནད་དོན་དེ་ཨ་རི་དང་ལྷན་དུ་ཞི་མོལ་བྱོས་ཞེས་ལྷོ་ཀོ་རི་ཡར་ལན་འདེབས་བྱས་ཡོད་པ་རེད།
བྱང་ཀོ་རི་ཡས་གོ་མཚོན་ཚོད་ལྟ་དང་བཟོ་སྐྲུན་བྱེད་རྒྱུ་དེ་ཨ་རིའི་དྲག་ཤུགས་ཆེ་བའི་རྡུལ་མཚོན་ལ་འགྲན་རྩོད་བྱེད་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་པ་དང། ཨ་རིས་དེ་ལ་དོགས་ཟོན་དང་ཞེད་སྣང་ཡང་བྱེད་ཀྱི་ཡོད་འདུག ཀོ་རི་ཡའི་ལྷོ་བྱང་གི་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་ཚོགས་འདུ་ཞིག་ལོ་མང་རིང་འཚོག་ཐབས་བྱས་ཡོད་ཀྱང་ད་བར་གྲུབ་འབྲས་ཐོན་མེད་པ་རེད། ད་ལྟའི་བྱང་ཀོ་རི་ཡས་རྒྱལ་ཁབ་གཉིས་ཀྱི་ཐུག་འཕྲད་ལ་ངོས་ལེན་མ་བྱས་པའི་རྒྱུ་མཚན་གཅིག་ནི་བྱང་ཀོ་རི་ཡས་རྩོད་རྙོག་ཅན་གྱི་ལྷོ་བྱང་གཉིས་ཀྱི་མཚོ་ངོགས་རྒྱལ་མཚམས་སུ་མདེལ་སྒྱོགས་༨༠ ཙམ་བརྒྱབ་པ་དང༌། ལྷོ་ཀོ་རི་ཡས་དེའི་ལན་དུ་མདེལ་སྒྱོགས་༡༠༠ ཙམ་ཉེན་བརྡའི་ཚུལ་དུ་བརྒྱབ་ཡོད་པའི་དོན་རྐྱེན་གྱིས་ཡིན་པ་རེད།
བྱང་ཀོ་རིའི་གཙོ་འཛིན་སྨྱུང་གཞི་དྲག་བསྐྱེད་བྱུང་བ་དང༌། རྒྱལ་ཁབ་ཀྱི་ལས་དོན་ལ་འཐུས་ཤོར་མེད་པར་སྔར་ལྷག་སྐྱོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། སྲིད་འཛིན་ལི་ཡིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག་རྒྱལ་ཁབ་གཞན་མང་པོར་འབྲེལ་ལམ་བཙུགས་པ་དང༌། རང་ཡུལ་དུ་ལོག་འདུག་ཀྱང༌། ལྷོ་བྱང་གཉིས་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་རྙེད་མེད་པ་རེད།
དཔྱད་ཞིབ་པས་བརྗོད་དོན་ལྟར་ན། ལྷོ་བྱང་གཉིས་ཀྱི་དཀའ་ངལ་ལ་བརྟེན་ནས་དཔལ་འབྱོར་དང། དམག་དོན། བདེ་འཇགས་སོགས་ཀྱི་ཐད་རྒྱལ་ཁབ་གཉིས་པོ་ཙམ་མིན་པར་རྒྱལ་ཁབ་གཞན་མང་པོར་ཡང་དཀའ་ངལ་དེ་འཕྲད་རྒྱུ་རེད་ཅེས་གསལ་ཡོད་པ་རེད། །





