རྒྱ་ནག་བྱང་ཤར་གྱི་ཡོན་ཆིའི་ས་ཁུལ་དུ་ཆུ་ཚོད་༡༢ ཙམ་གྱི་རིང་ལ་དྲག་ཆར་བབས་པའི་རྐྱེན་གྱིས། ས་ཁུལ་དེའི་སོན་གྷ་རི་གཙང་པོའི་ནང་བཟོ་གྲྭའི་རྫས་རིགས་ཀྱི་མཛོད་ཁང་ཆེན་པོ་ཞིག་འཐོར་ཞིག་སོང་ཡོད་པས། ཡུལ་དེའི་མི་མང་ས་ཡ་༢,༥༨ ཙམ་ལ་འཐུང་ཆུ་མེད་པའི་དཀའ་ངལ་དང། གལ་སྲིད་རྒྱུན་ལྡན་བཞིན་གཙང་པོ་ལོངས་སུ་སྤྱད་ན་སྲོག་ལ་ཉེན་ཁ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཟླ་འདིའི་ཚེས་༡ ཉིན་ཨཱི་པོ་ཁཱི་དུས་བབས་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱ་ནག་གི་ས་གནས་མང་པོར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང། ལྷག་དོན་རྒྱ་ནག་བྱང་ཤར་ཡོན་ཆིའི་ས་ཁུལ་གྱི་སོན་གྷ་རི་གཙང་པོའི་ནང་དུ། པག་པ་དང་གློ་བ་འཚིག་རྒྱུའི་ཉེན་ཁ་ཅན་གྱི་བཟོ་གྲྭའི་རྫས་རིགས་ཀྱི་མཛོད་ཁང་ཆེན་པོ་ཞིག་འཐོར་ཞིག་སོང་ནས། རྫས་རིགས་ལྕགས་ཟོམ་ཆེན་པོ་༧༠༠༠ ཙམ་གཙང་པོ་དང་འདྲེས་ཡོད་པས། ཡུལ་དེའི་མི་མང་ས་ཡ་༢,༥༨ ཙམ་གྱི་འཐུང་ཆུ་རག་གི་མེད་པ་དང། རྒྱ་ནག་གཞུང་གིས་ས་ཁུལ་དེའི་ཁྱིམ་ཚང་ཡོངས་རྫོགས་ཀྱི་ཆུ་འདྲེན་ལྕགས་སྦུ་བཀག་འགོག་བྱས་ཡོད་པ་རེད།
ཡུལ་དེའི་མི་མང་ལ་ཆུ་མེད་པའི་དཀའ་ངལ་གྱིས། འགྲུལ་སྐྱེལ་རླངས་འཁོར་ནང་འགྲོ་སྐབས་མི་རེས་ཆུ་འགྱིག་དམ་རེ་རེ་ལག་ཏུ་འཁྱེར་རྒྱུ་མེད་ན། རླངས་འཁོར་ཁ་ལོ་བས་རྒྱང་རིང་གི་ས་ཁུལ་དུ་འགྲུལ་སྐྱེལ་བྱེད་རྒྱུའི་ཁས་ལེན་བྱེད་ཀྱི་མེད་པ་དང། དེ་དང་བསྟུན་ནས་རྒྱ་ནག་བྱང་ཤར་གྱི་ཡཱོན་ཆིའི་ས་ཁུལ་དུ་ཉེ་བའི་གྲོང་ཁྱེར་ཁག་གི་ཚོང་པ་ཚོས། ཡུལ་དེར་འགྱིག་དམ་ནང་གི་ཆུ་དབོར་འདྲེན་གྱི་ཚོང་གི་ཡོ་ལང་ཆེན་པོ་ཞིག་ཀྱང་ལངས་འགོ་ཚུགས་ཡོད་པས། ད་ལྟའི་སྐབས་ས་གནས་དེའི་གད་སྙིགས་ཡོངས་རྫོགས་འགྱིག་དམ་རེད་ཅེས་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད། །










བསམ་ཚུལ།
RSS feed for comments to this post.