རྐང་རྩེད་སྤོ་ལོའི་རྩེད་འགྲན་སྐབས་འཁྲུག་རྩོད་ཤོར་བ་དེར་མཐའ་མའི་ཐག་ཆོད་དེ་རུ་ཁག་གཉིས་ཀ་རྩེད་འགྲན་ནང་ནས་ཕྱིར་ཕུད་བཏང་བ་རེད་ཅེས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསུངས་སོང།
རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་དབང་ཀརྨ་མ་པ་མཆོག་གིས་“ྩེད་འགྲན་འདིར་དགའ་ཞེན་དང། དོ་སྣང་བྱས་ནས་མི་མང་པོ་འཛོམས་ཡོད་པ་རེད། དེའི་ཐོག་ནས་གཅིག་གྱུར་གྱི་ནུས་པ་དང་སྤྲོ་སྣང་མཚོན་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག་”ཅེས་གསུངས་ཡོད་པ་དང། རྩེད་རིགས་ཚོགས་ཆུང་གི་དྲུང་ཆེས་“རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བཅོ་ལྔ་བྱས་པ་རེད། དེའི་རིང་རྩེད་འགྲན་པ་རང་གི་ནང་དུ་འཁྲུག་རྩོད་ཐེངས་གཅིག་ཀྱང་ཤོར་མྱོང་མེད། དཀའ་ངལ་དེ་མང་ཚོགས་ཀྱི་ནང་ནས་འཕྲད་ཀྱི་འདུག ཚང་མས་དགོངས་པ་བཞེས་རོགས་”ཞེས་འབོད་སྐུལ་གནང་ཡོད་པ་རེད།
རྩེད་འགྲན་བྱས་ནས་ཉིན་བརྒྱད་པའི་སྐབས་དེར། ཟློས་གར་རུ་ཁག་དང། ཅོང་ཏ་ར་རུ་ཁག་གཉིས་རྩེད་འགྲན་བྱེད་སྐབས། ཟློས་གར་རུ་ཁག་གིས་སྤོ་ལོ་༦ བླུགས་པའི་མཚམས་དེར་རྩེད་འགྲན་པའི་བར་འཁྲུག་རྩོད་ཤོར་ཡོད་འདུག རྩེད་འགྲན་པ་འཁྲུག་རྩོད་ཤོར་མ་ཐག་མང་ཚོགས་ནང་རྒྱབ་རྩར་ལངས་རེས་བྱས་ཏེ། རྡོ་གཞུ་རེས་བྱས་པ་དང། རྒྱ་གར་ཉེན་རྟོག་པ་བཅུ་གྲངས་ཤིག་ལས་མེད་པས། བར་འདུམ་ཡང་མགྱོགས་པོ་ཐུབ་མེད་པ་དང། ཉེན་རྟོག་པ་བུད་མེད་གཅིག་གི་མགོར་རྡོ་ཕོག་ནས་སྨན་ཁང་དུ་བསྐྱོད་དགོས་བྱུང་ཡོད་འདུག
འཁྲུག་རྩོད་དེའི་སྐོར་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར། དེའི་སྐོར་ལ་ཚོགས་པའི་ངོས་ནས་གསལ་བཤད་གང་ཡང་མེད། རུ་ཁག་གཉིས་ཀ་རྩེ་མི་ཆོག་པ་ཐ་མའི་ཐག་ཆོད་རེད། དང་ཐོག་རྩེད་འགྲན་པའི་ནང་དུ་འཁྲུག་རྩོད་བྱུང་ཡོད་འདུག དེ་མིན་དེའི་མ་འགྲིག་པ་དང། འདིའི་མ་འགྲིག་པ་རེད་ཅེས་བཤད་རྒྱུ་གང་ཡང་མེད་ཅེས་གསུངས་སོང། ཕན་ཚུན་རྨས་སྐྱོན་བྱུང་བ་དེ་འདྲ་ཡོད་མེད་སྐོར་དྲིས་པར། ཉེན་རྟོག་པ་ཞིག་གི་མགོ་རྨས་འདུག དེ་མིན་ཤེས་རྟོགས་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་སོང།།









