ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང༌།
ངོ་སྤྲོད།
ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནི། ཡིད་ཆེས་དགེ་རྩའི་འོག་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་པའི་གཞུང་འབྲེལ་མ་ཡིན་པར་ཁེ་མེད་རིག་གཞུང་དང་འབྲེལ་བའི་སྒྲིག་འཛུགས་ཤིག་ཡིན་ལ། སྒྲིག་འཛུགས་འདིའི་རྟེན་གཞི་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལ་རུ་ཡོད།
སྒྲིག་འཛུགས་འདིའི་དམིགས་ཡུལ།
གོ་ལ་ཧྲིལ་པོའི་ཁྱོན་གྱི་ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་སྔོན་ཐོན་གྱི་རྒྱལ་ཁབ་ཁག་གི་ལོ་རྒྱུས་སོགས་དངོས་ཡོད་ཀྱི་གནས་ཚུལ་གང་ལ་གཞིགས་ཀྱང༌། སྲིད་གཞུང་གཅིག་པུ་ཙམ་མ་ཡིན་པར་གང་ཟག་སྒེར་སོ་སོའི་ངོས་ནས་མཉམ་འབྲེལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རིམ་པས་རྒྱལ་ཁབ་དང་མི་རིགས་དེ་ཉིད་ཡར་རྒྱས་སུ་ཕྱིན་ཡོད་པ་མཐོང་གསལ་དང༌། བོད་མི་རིགས་ལ་ཆ་བཞག་ནའང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་པའི་ལོ་རྒྱུས་ཡོད་ཀྱང༌། དེང་སྐབས་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་དེ་ཉིད་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་རང་དབང་བྲལ་བའི་གནས་སྟངས་སྐྱོ་པོ་ཞིག་ཏུ་གྱུར་ཡོད་སྟབས། བོད་རིགས་ཚོས་རང་རང་སོ་སོའི་ས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། བྱེ་བྲག་ཡུལ་ལུང་སོ་སོའི་ཡུལ་སྲོལ་གོམས་གཤིས་སོགས་སྲ་ཐག་ཐག་ཅིག་རྒྱུན་འཛིན་བྱེད་མ་ཐུབ་ན། བོད་སྤྱི་པའི་དོན་དག་ཀྱང་རང་བཞིན་གྱིས་འཐུས་ཤོར་དུ་ཕྱིན་པ་ཡིན་པས། དེ་ལུགས་ཀྱིས་ཤུགས་རྒྱག་དགོས་པ་ཚང་མའི་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་ཡིན། ལྷག་པར་དུ་རྒྱ་དམར་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་རིགས་རྣམས་ཕན་ཚུན་བཅད་བགོས་སྟངས་འཛིན་བྱས་པ་བརྒྱུད་བོད་ཀྱི་མིང་ཙམ་ལས་མེད་པ་བཟོ་རྒྱུའི་བྱུས་ངན་ཞིག་ལག་བསྟར་བྱས་ཏེ་རིག་གཞུང་དང༌། མི་རིགས་འཆི་གསོན་གྱི་འགག་འཕྲང་དོག་པོ་ཞིག་ཏུ་སླེབས་ཡོད་པར་བརྟེན་འདི་ག་སྲི་ཞུ་ཁང་གི་དམིགས་ཡུལ་གཙོ་བོ་གཤམ་འཁོད་རྣམས་ཡིན།
༡༽ བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་རྒྱུད་འཛིན་དར་སྤེལ།
༢༽ བོད་དོན་བདེན་མཐའ་གསལ་ཐབས།
༣༽ འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང༌། མང་གཙོ། ཁོར་ཡུག་སོགས་ཀྱི་གོ་རྟོགས་གོང་མཐོར་སྤེལ་ཐབས་སུ་སྲི་ཞུ་ཞབས་འདེགས་ནུས་ཚོད་དང་བསྟུན་ནས་བསྒྲུབ་རྒྱུ་དེ་ཡིན།
སྒྲིག་འཛུགས་ཀྱི་མིང་གི་གོ་དོན།
སྤྱིར་ཁ་བ་དཀར་པོ་ཞེས་ཡུལ་ལུང་གཞན་དང་ཐུན་མོང་མ་ཡིན་པར་འཛམ་གླིང་གི་མཐོ་སྒང་དུ་གནས་པའི་བོད་ཡུལ་སྤྱི་ལ་གོ་ཞིང༌། བྱེ་བྲག་ཁ་བ་དཀར་པོ་ལ་མཚོན་ན་མདོ་ཁམས་ཁུལ་དུ་ཡོད་པའི་གནས་ཆེན་རོང་བཙན་ཁ་བ་དཀར་པོ་རུ་གོ་བ་བླང་ཡང་ཆོག མདོར་ན་ད་ལྟའི་དུས་འདིར་ནུབ་ཕྱོགས་གཙོ་བོར་གྱུར་པའི་མི་རིགས་གཞན་གྱི་རིག་གཞུང་ལ་དོ་སྣང་གིས་བོད་ཀྱི་རིག་གཞུང་ལ་ཕྱོགས་གང་ཐད་ནས་བདག་སྐྱོང་བྱེད་མཁན་ཉུང་དུ་འགྲོ་བཞིན་པའི་དུས་འདིར། སྲི་ཞུ་ཁང་འདིའི་ནུས་ཤུགས་ཡོད་ཚད་ཀྱིས་རྩ་ཆེ་བའི་བོད་ཀྱི་རིག་གཞུང་རྙིང་པ་རྣམས་རྒྱུད་འཛིན་དང༌། ཡུལ་ཕྱོགས་གཞན་དག་ཏུ་དར་ཁྱབ་ཆེ་བའི་རིག་གཞུང་གི་ལེགས་ཆ་བོད་ཀྱི་སྐད་ཡིག་ནང་ལེན་ཐབས་སོགས་ཕྱོགས་ཡོངས་ནས་བོད་ཀྱི་རིག་གཞུང་ལ་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན།
དམིགས་ཡུལ་དང་འབྲེལ་བའི་ལས་དོན་ཁག
དང་པོ། བོད་ཀྱི་བང་ཆེན།
ཉིན་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད།
བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། (བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་རུ་ཡན་ལག་ལས་ཁང་ཡོད་ཀྱང་༢༠༠༩ ཟླ་༣ ཚེས་༥ ཉིན་ཉེན་རྟོག་པས་འབྲེལ་ཡོད་ལས་བྱེད་འཛིན་བཟུང་དང་བལ་སྒོར་འབུམ་དྲུག་དང་ཕྱེད་བཙན་འཕྲོག་བྱས་ནས། དེའི་ཕྱིན་ཆད་ལས་དོན་བསྒྲུབ་མི་ཆོག་པའི་ཐ་ཚིག་བསྒྲགས་པས་གནས་སྐབས་ལས་དོན་སྒྲུབ་ཐུབ་ཀྱི་མེད།) ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།
གསར་ཤོག་གི་ནང་དོན་ཁག
དང་པོ། གསར་འགྱུར།
ཀ༽ བཙན་བྱོལ།
ྋགོང་ས་མཆོག་གི་མཛད་འཕྲིན། བོད་གཞུང་གི་སྐོར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་སྒེར་བཅས་ཀྱི་ལས་འགུལ་དང༌། བདེ་སྡུག་གི་འཚོ་བ་སོགས་དང་འབྲེལ་བའི་བཙན་བྱོལ་ནང་གི་གསར་འགྱུར།
ཁ༽ བོད།
བོད་ནང་གི་གསར་འགྱུར་སྐོར།
ག༽ རྒྱལ་སྤྱི།
འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་དུ་བྱུང་བའི་གསར་འགྱུར་གལ་ཆེའི་སྐོར།
ང༽ ཡ་མཚན་དངོས་བྱུང༌།
ཡ་མཚན་ཆེ་ཞིང་དངོས་སུ་བྱུང་བའི་གནས་ཚུལ་ཁག་བསྡུ་རུབ་བྱས་པ།
ཅ༽ རྩེད་རིག
བོད་ཕྱི་ནང་གཉིས་ནས་རྩེད་འགྲན་ཆེ་ཆུང་གང་ཡིན་ཆེད་འགོད་བྱེད་ཡུལ།
ཆ༽ པར་གྱི་གསར་འགྱུར།
གནས་ཚུལ་ཁག་ཅིག་འདྲ་པར་དང་དེའི་ངོ་སྤྲོད་ཐུང་ངུ་བཅས་འཁོད་པའི་འདྲ་པར་གྱི་གསར་འགྱུར་གང་མང་འགོད་བཞིན་ཡོད།
གཉིས་པ། བསམ་ཚུལ།
ཀ༽ ཆེད་དུ་བརྗོད་པའི་གཏམ།
ཆེད་བརྗོད་ནི་གསར་ཤོག་འདོན་ཐེངས་རེ་རེ་བཞིན་དེའི་ནང་གི་གལ་ཆེ་བའི་གནས་ཚུལ་གང་རུང་ངམ། སྤྱི་ཚོགས་ནང་གླེང་ཕྱོགས་ཆེན་པོ་ཆགས་བཞིན་པ། ཡང་ན་རིག་གནས་དང་ཆབ་སྲིད་སོགས་བརྗོད་གཞི་གཅིག་གི་སྒང་ལ་དཔྱད་བརྗོད་སྤེལ་བ་ཞིག་ཡིན་ལ། དེ་ནི་གསར་ཁང་དང་རྩོམ་སྒྲིག་པའི་ལྟ་བའི་ཚད་ཐིག་འཛིན་ས་དེ་ཡིན།
ཁ༽ རྩོམ་ཡིག
ཕྱི་ཕྱོགས་ནས་འབྱོར་བའི་བསམ་ཚུལ་དང་རྩོམ་ཡིག་ཁག་ཡིན་ལ། མིང་འཁོད་པའི་རྩོམ་ཡིག་འདི་དག་གསར་ཁང་དང་རྩོམ་སྒྲིག་པའི་ལྟ་བ་ཡིན་པས་ཁྱབ་པ་མེད་ལ། རྩོམ་ཡིག་དེ་དག་གི་འགན་ཁུར་ཡང་མིང་འཁོད་རྩོམ་པ་པོ་སོ་སོ་ལ་ཡོད་པའི་རྩོམ་ཡིག་ཁག་ཡིན།
ག༽ ཀློག་མཁན་གྱི་འཕྲིན།
གསར་ཤོག་ཀློག་མཁན་རྣམས་ཀྱིས་རྩོམ་སྒྲིག་ཁང་དང་རྩོམ་སྒྲིག་པར་གསར་ཤོག་གི་ནང་དོན་དང་འབྲེལ་བའི་སྐོར་རེ་བ་དང༌། ནོར་བཅོས། སྐྱོན་བརྗོད། བསམ་ཚུལ་བཅས་ཕུལ་བའི་འཕྲིན་ཡིག་ཁག་ཡིན།
ང༽ བཅར་འདྲི།
དབུ་ཁྲིད་དང༌། ཆེད་མཁས་མི་སྣ། གནད་དོན་འབྲེལ་ཡོད་དང༌། རྒྱུས་ཡོད་མི་སྣ་ཁག་དང༌། མི་མང་དཀྱུས་མ། མི་རིགས་གཞན་པ་བཅས་ལ་བཅར་འདྲི་ཞུས་པ་ཁག
ཅ༽ མི་རབས་གསར་པའི་གླེང་སྟེགས།
གླེང་སྟེགས་འདི་ནི་བོད་རིགས་ན་གཞོན་ཁོ་ན་ལ་དབང་བའི་གླེང་སྟེགས་ཤིག་ཡིན་པ་དང༌། ཕོ་མོ་དང་སྐྱ་སེར་གྱི་དབྱེ་བ་མེད་པར་མི་རབས་གསར་པས་རང་ཉིད་ཀྱི་ལྟ་ཚུལ་སྤེལ་བཞིན་ཡོད།
གསུམ་པ། སློབ་གསོ།
ཀ༽ ནང་ཆོས་ངོ་སྤྲོད།
ནང་ཆོས་ཀྱི་གཞི་རིམ་སྐོར་ངོ་སྤྲོད་བྱེད་བཞིན་ཡོད་ལ། ལས་དང་པོ་བ་རྣམས་ལ་མཁོ་བའི་གདམ་ངག་སྐོར་ནང་ཆོས་ཆེད་མཁས་རྣམས་ལ་བཅར་འདྲི་ཞུས་པ་དང༌། ྋགོང་ས་མཆོག་གིས་དབུས་བླ་ཆེན་རྣམས་ཀྱིས་མི་མང་ལ་ནང་ཆོས་དང་འབྲེལ་བའི་ངོ་སྤྲོད་ཁག་སྒྲ་ཕབ་བྱས་པ། གཞུང་ཆེན་མོ་དག་ལས་ཁ་གསལ་གོ་བདེ་རྣམས་བསྡུ་རུབ་བྱེད་པ་སོགས་ལ་བརྟེན་ནས་ནང་ཆོས་ངོ་སྤྲོད་བྱེད་བཞིན་ཡོད།
ཁ༽ བོད་ཀྱི་ལོ་རྒྱུས་ངོ་སྤྲོད།
བོད་ཀྱི་ལོ་རྒྱུས་རྒྱལ་རབས་རྣམས་ཚན་པ་རེ་རེ་བྱས་ནས་ཁ་གསལ་གོ་བདེའི་ལམ་ནས་ངོ་སྤྲོད་དང༌། དེ་བཞིན་སྔར་ཡིག་ཐོག་ཏུ་མེད་པའི་ལོ་རྒྱུས་སྐོར་འཚོལ་བསྡུ་བྱས་ནས་ངོ་སྤྲོད་བྱེད་བཞིན་ཡོད།
ག༽ འཛམ་གླིང་ལོ་རྒྱུས།
འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་དང་ས་ཁྲ་ལོ་རྒྱུས་སྙིང་བསྡུས་རེ་ཁུངས་ལྡན་གྱི་ཡིག་ཆ་གཞིར་བཞག་བོད་བསྒྱུར་བྱེད་བཞིན་ཡོད།
ང༽ བོད་ཀྱི་སྐད་ཡིག
བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང༌མ་འོངས་རྒྱུད་འཛིན་བྱེད་ཕྱོགས། སྐད་ཡིག་གི་ནང་དུ་ལྷགས་བཞིན་པའི་ནོར་འཁྲུལ་སོགས་ཀྱི་སྐོར་བརྩི་མཐོང་ཆེན་པོ་ཡོད་པའི་མཁས་པ་དང་བླ་ཆེན་རྣམས་ཀྱི་གསུང་རྩོམ་དང༌། བཀའ་སློབ་ཁག་སྐབས་མཚམས་རྣམས་སུ་འགོད་འགྲེམས་བྱེད་བཞིན་ཡོད།
ཅ༽ ལེགས་བཤད་གཅེས་བཏུས།
ྋགོང་ས་མཆོག་དང༌། གནའ་དེང་གི་མཁས་པ་རྣམས་ཀྱིས་གསུངས་པའི་ལེགས་བཤད་ཚིག་ཉུང་དོན་འདུས་རྣམས་འདོན་ཐེངས་ཚང་མའི་ནང་འགོད་བཞིན་ཡོད།
ཆ༽ འཕྲོད་བསྟེན་ཤེས་བྱ།
བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་ནད་རིགས་སྔོན་འགོག་སོགས་འཕྲོད་བསྟེན་རྒྱུན་ཤེས་ཁག་ཁ་གསལ་གོ་བདེའི་ཐོག་ནས་བོད་གཞུང་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་དུས་ལྟར་འདི་གའི་གསར་ཤོག་གི་ཆེད་དུ་ངོ་སྤྲོད་གནང་བཞིན་ཡོད།
ཇ༽ ཟུར་ཟའི་རི་མོ།
གསར་ཤོག་འདོན་ཐེངས་རེ་རེ་བཞིན་རི་མོ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣང་བརྙན་ཁག་ལ་ཟུར་ཟ་དང་འབྲེལ་བའི་ངོ་སྤྲོད་དང༌། རེ་རེ་བཞིན་ལེགས་བཅོས་ཀྱི་རེ་བའང་ཤུགས་ཀྱིས་བསྟན་ཡོད།
གསལ་བསྒྲགས།
གཞུང་སྒེར་ཁག་གི་ལས་བྱེད་ཀྱི་ས་མིག་གསལ་བསྒྲགས་དང། ཆོས་བརྡ་སོགས་གླ་ཡོད་གསལ་བསྒྲགས་རིགས་འགོད་བཞིན་ཡོད།
སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།
སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ་ www.tibetexpress.net/www.bangchen.net ཁ་བྱང་འདི་གཉིས་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་སྤེལ་བྱེད་བཞིན་པ་དང༌། རང་དབང་གི་ཐོག་ནས་བགྲོ་གླེང་བྱེད་ཡུལ་ཡང་ཡོད། གཙོ་བོ་བོད་ཡིག་ཐོག་བོད་ཕྱི་ནང་གཉིས་ཀྱི་གསར་འགྱུར་དང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་ཁག་དུས་ཐོག་ཀློག་འདོན་ཐུབ་པ། བོད་ཡིག་གི་ཐོག་ནས་བསམ་ཚུལ་འདྲ་མིན་བརྗེ་རེས་བྱེད་ཡུལ་མི་སྒེར་སོ་སོའི་ཟིན་བྲིས་དང༌། བོད་དབྱིན་རྒྱ་གསུམ་གྱི་གླེང་སྟེགས། ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་སྐོར་དཔྱད་རྩོམ་དང་ངོ་སྤྲོད་བཅས་རྩོམ་ཡིག་འདྲ་མིན། དེ་བཞིན་བོད་ཀྱི་བང་ཆེན་གྱི་ལས་འཆར་ནང་ཡོད་པའི་བཙན་བྱོལ་ནང་གི་རིས་མེད་དགོན་སྡེ་ཁག་དང༌། གཞིས་ཆགས་ཁག་གི་ལོ་རྒྱུས་དང་ཚོན་ལྡན་འདྲ་པར་བཅས་ཀྱང་རིམ་པས་དྲ་གནས་སུ་འདོན་ཐུབ་པ་བྱེད་རྒྱུ་དང༌། འདི་ནས་པར་སྐྲུན་བྱས་པའི་དེབ་ཕྲེང་སོགས་དྲ་གནས་སུ་ཀློག་འདོན་བྱེད་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན།
བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།
མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་རྒྱུ། ད་ལྟའི་ཆར་རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞུང་གིས་བྲིས་པའི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་ཁག་གཉིས་བོད་བསྒྱུར་གྱིས་དེབ་ཕྲེང་དང་པོ་དཔར་སྐྲུན་བྱས་པ་བཞིན་རྒྱ་ཆེའི་ཀློག་མཁན་ཚོས་ཧ་ཅང་དགའ་བསུ་དང་གདེང་འཇོག་ཐོབ་ཡོད། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དེབ་ཕྲེང་བཞི་པར་སྐྲུན་བྱས་ཟིན་ལ། མ་འོངས་པར་ཡང་བོད་ཡིག་དང་དབྱིན་ཡིག་གི་ཐོག་ཏུ་ཡོད་པ་བོད་ལ་དགོས་གལ་ཆེ་བའི་དེབ་རིགས་བོད་བསྒྱུར་གྱིས་པར་སྐྲུན་བྱེད་རྒྱུ་ཡིན།
རྩོམ་སྒྲིག་པར་སྐྲུན།
བོད་ཀྱི་ཡུལ་ལུང་བྱེ་བྲག་པ་དང༌། མི་སྒེར་གྱི་ལོ་རྒྱུས་དོ་བདག་སོ་སོས་བྲིས་པ་དང༌། འདི་ནས་གནད་དོན་རྒྱུས་མངའ་ཅན་ཁག་ལ་བཅར་འདྲི་དང་རྩོམ་སྒྲིག་པར་སྐྲུན་བྱས་ནས། དུས་ཚོད་ངེས་མེད་ཀྱི་ནང་དུ་ལོ་རྒྱུས་སོགས་དེབ་འདྲ་མིན་རྩོམ་སྒྲིག་འདོན་འགྲེམས་བྱས་ཡོད།
༡༽ རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞུང་གིས་བརྩམས་ཤིང་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བོད་བསྒྱུར་བྱས་པ་༼རྒྱ་རིགས་རྩོམ་པ་པོ་ཞིག་གིས་བོད་ཀྱི་དོན་དངོས་གླེང་བ།༽
༢༽ ནགས་ཚང་ནུས་བློས་བརྩམས་པ་༼ནགས་ཚང་ཞི་ལུའི་སྐྱིད་སྡུག༽
༣༽ འབའ་བ་ཡེ་ཤེས་དགའ་བས་བརྩམས་པ་༼འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ།༽
༤༽ གསེར་རྟ་ཚུལ་ཁྲིམས་ཀྱིས་བརྩམས་པ་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་དང༌། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་མཛད་རྣམ་ངོ་སྤྲོད་དབྱིན་བོད་གཉིས་ལྡན་༼གསེར་འོད་འཕྲོ་བའི་ཞབས་རྗེས།༽
༥༽ ཐེ་ཝན་གྱི་སློབ་དཔོན་ཆེན་མོ་སུའུ་ཅཱ་ཧོང་གིས་བརྩམས་ཤིང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོས་བོད་བསྒྱུར་བྱས་པ་བཙན་བྱོལ་བོད་གཞུང་གི་ཆོས་སྲིད་ལམ་ལུགས་དང། མང་གཙོའི་འཕེལ་རིམ་སྐོར་༼བཙན་བྱོལ་ནང་གི་དམངས་གཙོ།༽ བཅས་རྩོམ་སྒྲིག་པར་སྐྲུན་བྱས་ཡོད་ལ། ཀློག་མཁན་མང་པོས་དགའ་བསུ་ཡང་ཐོབ་ཡོད།
སྲི་ཞུ་ཁང་གི་ལས་བྱེད་ངོ་སྤྲོད།
སྡེ་ཚན་དང་ལས་ཁུངས་ག་འདྲ་ཞིག་ཡིན་ཡང་དམིགས་ཡུལ་བཞིན་ལས་དོན་འགྲུབ་ཐུབ་མིན་གྱི་འགག་རྩ་གཙོ་ཆེ་ཤོས་དེ་ལས་བྱེད་པའི་སྤུས་ཚད་ལ་རག་ལས་ཡོད་པ་བཞིན། སྟབས་ལེགས་པ་ཞིག་ལ་འདི་ག་སྲི་ཞུ་ཁང་གི་ལས་བྱེད་པ་རྣམས་ལ་མཚོན་ན་ཤེས་ཡོན་དང་སེམས་ཤུགས་གཉིས་ལྡན་འབའ་ཞིག་ཡིན་པ་མ་ཟད། ཕལ་ཆེ་བ་ལས་དོན་ལའང་ཉམས་མྱོང་ཡང་ཆེན་པོ་ཡོད། དུས་རྒྱུན་ལས་དོན་གྱི་ཐོག་ལ་ཧུར་བརྩོན་དང། ནང་ཕན་ཚུན་གུས་བརྩི་དང་མཐུན་སྒྲིལ་དམ་ཟབ་ཡོད་པ་སོགས་ནི་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཡོད། གཤམ་དུ་འདི་ག་སྲི་ཞུ་ཁང་གི་ལས་བྱེད་པ་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་རེ་ཞུ་རྒྱུ་ཡིན།
གསེར་རྟ་ཚུལ་ཁྲིམས།
ལས་འགན། སྲི་ཞུ་ཁང་གི་འགན་འཛིན་དང། བོད་ཀྱི་བང་ཆེན་དང་དྲ་རྒྱའི་སྤྱི་ཁྱབ་རྩོམ་སྒྲིག་པ།
གསེར་རྟ་ཚུལ་ཁྲིམས་ནི། ༡༩༧༤ ལོར་སྐྱེས། སློབ་ཆུང་འགྲིམས་རྗེས་རགས་བཀྲམ་བྱམས་པ་གླིང་དང༌། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་བཅས་སུ་སྔ་ཕྱིར་བོད་ཀྱི་ཐུན་མོང་བརྡ་དག སྙན་ངག རྩིས། ལྷ་བྲིས་སོགས་དང༌། ཐུན་མིན་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ཆེན་ཁག་ལ་སྦྱང་བརྩོན་བྱས། ༡༩༩༨ ལོར་བཙན་བྱོལ་དུ་ཡོང་ནས་ལོ་ཕྱེད་ལྷག་གསོག་སྒར་སློབ་གྲྭ་རུ་སློབ་སྦྱོང་དང༌། དེའི་རྗེས་སུ་བོད་གཞུང་ཆོས་རིག་ལས་ཁུངས་སུ་ལས་ཀ་བྱས། ༢༠༠༠ ལོ་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ྋགོང་ས་མཆོག་གི་མཛད་རྣམ་གསེར་གྱི་ཡང་སྙིང་རྩོམ་བྲིས་དང༌། ནོར་འོད་དུས་དེབ་ཀྱི་རྩོམ་སྒྲིག་པ། གངས་ཅན་ཤེས་རིག་བང་མཛོད་ཀྱི་ཞིབ་འཇུག་པ་སོགས་ཀྱི་ལས་ཀ་བྱས། དེ་བཞིན་དྷ་ས་ས་གནས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་རྒྱུན་ལས་བཅས་ཀྱི་ལས་ཁུར་ཞུས་ཡོད་པ་དང། ༢༠༠༦ ལོར་སྐབས་བཅུ་བཞི་པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ནས་ད་ལྟའི་ཆར་ལས་ཁུར་ཞུ་བཞིན་ཡོད། ༢༠༠༣ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་ཀྱིས་ད་བར་ལོ་བདུན་ཙམ་གྱི་རིང་སྲི་ཞུ་ཁང་འདིའི་འགན་འཛིན་དང༌། བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་བཅས་ཀྱི་འགན་ཁུར་སྒྲུབ་བཞིན་ཡོད།
ངག་དབང་ཐར་པ།
ལས་འགན། སྲི་ཞུ་ཁང་གི་འཛིན་སྐྱོང་དོ་དམ་པ་དང། དྲ་རྒྱའི་ལག་རྩལ་བ།
ངག་དབང་ཐར་པ་ནི། ཕྱི་ལོ་༡༩༨༠ ལོར་སོག་རྫོང་དུ་སྐྱེས། བོད་ཡིག་རང་སྦྱོང་དང། སོག་ཙན་དན་དགོན་དུ་ཆོས་ཞུགས་བྱས་ཏེ་ནང་ཆོས་དང་ཐུན་མོང་རིག་གནས་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ༡༩༩༦ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་ངོ་གསུམ་རིང་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས། ཕྱི་ལོ་༢༠༠༠ ལོར་ནོར་གླིང་དུ་གློག་ཀླད་དང་འབྲེལ་བའི་ལས་ཀར་ཞུགས། དེང་སྐབས་གཞན་ལ་བརྟེན་མ་དགོས་པར་གློག་ཀླད་ཀྱི་ཡོ་ཆས་སྐྱར་སྒྲིག་དང་མཉེན་ཆས་སྐྱར་མཇུག གློག་བརྙན་བཟོ་བསྐྲུན། དྲ་རྒྱ་གསར་བཟོ། དེབ་སོགས་ཇུས་འགོད་བཅས་གློག་ཀླད་བརྒྱུད་ལས་སྣ་མང་པོ་ཤེས་པ་མ་ཟད། དྷ་ས་བོད་ཀྱི་གློག་ཀླད་བརྡ་འཕྲིན་རིག་པའི་DITGཚོགས་ཆུང་གི་ཚོགས་མི་དང༌། ༢༠༠༠ ལོ་ནས་༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་དངོས་གཅེས་ཉར་སྡེ་ཚན་ནམ། ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་སུ་བྱས། དེ་རྗེས་ལོ་གཅིག་རིང་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཁོར་ཡུག་གོ་རྟོགས་ཀྱི་ལས་འགུལ་སྤེལ། གཟའ་ཉི་མས་མཚོན་ལས་གསེང་ཆུ་ཚོད་སྤྱད་དེ་www.unitingtibetans.org གཞིས་བྱེས་ལྷན་འཛོམས་དྲ་རྒྱ་འདིའི་འགན་འཛིན་དང༌། རྩོམ་སྒྲིག ཇུས་འགོད་བཅས་ཀྱི་ལས་ཀའང་གཉེར་བཞིན་པ་དང། ༢༠༠༦ ལོ་ཟླ་༩ པ་ནས་ད་བར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དྲ་རྒྱ་ཇུས་འགོད་དང་དོ་དམ་པ། འཛིན་སྐྱོང་དོ་དམ་པ་བཅས་ཀྱི་ལས་འགན་ཁུར་བཞིན་ཡོད།
ཚེ་རིང་དོན་གྲུབ།
ལས་འགན། སྲི་ཞུ་ཁང་གི་དྲུང་ཆེ་དང་ལས་འཆར་དོ་དམ་པ། དབྱིན་ཡིག་དྲ་རྒྱའི་རྩོམ་སྒྲིག་པ།
ཚེ་ རིང་དོན་གྲུབ་ནི། ཕྱི་ལོ་༡༩༧༨ ལོར་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་སུ་སྐྱེས་ཤིང། འཛིན་རིམ་བཅུ་པའི་བར་གཞིས་ཆགས་དེ་ནས་སློབ་སྦྱོང་དང། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་མོན་གྷོ་གཏན་སློབ་ནས་སློབ་སྦྱོང་བྱས། དེའི་རྗེས་སུ་མཐོ་སློབ་ཏུ་B.com སློབ་སྦྱོང་དང། བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་འོས་སྦྱོང་གི་ཁོངས་སུ་ཞུགས་ནས་ཐོག་མའི་ལོ་ ཕྱེད་ཙམ་ལ་ས་རཱ་མཐོ་སློབ་ཏུ་བོད་ཡིག་དང་བོད་ཀྱི་རིག་གནས་ལ་སྦྱོང་བརྩོན་བྱས། དེ་རྗེས་ལོ་གཉིས་ལ་དྷ་སྟེང་བོད་ཁྱིམ་དགེ་འོས་སྦྱོང་བརྡར་ཁང་དུ་སློབ་སྦྱོང་ བྱས་ནས་ཕྱོགས་བསྡོམས་རྒྱུགས་འབྲས་ཨང་རིམ་གཉིས་པར་སོན། ཕྱི་ལོ་༢༠༠༣ ལོ་ནས་སུ་ཇཱ་བོད་ཁྱིམ་དུ་ལོ་དྲུག་རིང་བོད་དབྱིན་གཉིས་ཀྱི་དགེ་རྒན་བྱས། ཞོར་དུ་ཁང་ཚན་དགེ་རྒན་གྱི་ལས་འགན་ཡང་ལོ་བཞིར་ཁུར། ཕྱི་ལོ་༢༠༠༩ ཟླ་༣ པ་ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་འཛུལ་ཞུགས་ཀྱིས་བོད་ཀྱི་བང་ ཆེན་གྱི་དབྱིན་ཡིག་དྲ་རྒྱའི་རྩོམ་སྒྲིག་པའི་ལས་ཁུར་ཞུ་བཞིན་པ་དང། ཉེ་བའི་ཆ་ནས་སྲི་ཞུ་ཁང་གི་དྲུང་ཆེ་དང། ལས་འཆར་དོ་དམ་པ་བཅས་ཀྱི་འགན་ཡང་གཅིག་ལྕོགས་སུ་ལེན་བཞིན་ཡོད།
ཆོས་ཉིད་འོད་ཟེར།
ལས་འགན། བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་ལས་རོགས།
ཆོས་ཉིད་འོད་ཟེར་ནི། ཕྱི་ལོ་༡༩༧༨ ལོར་སྐྱེས། ༡༩༩༨ ལོར་གསེར་རྟ་རྫོང་མི་རིགས་སློབ་འབྲིང་སློབ་མཐར་ཕྱིན་པ་དང། རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་ནས་གསོག་སྒར་སློབ་གྲྭ་རུ་ལོ་ལྔ་ཙམ་གྱི་རིང་བོད་ཀྱི་རིག་གནས་དང་དབྱིན་ཇིའི་སྐད་ཡིག གློག་ཀླད་བཅས་སློབ་གཉེར་བྱས་པ་དང། ༢༠༠༤ ལོར་ལྡི་ལིར་གློག་ཀླད་ཆེད་སྦྱོང་དུ་བསྐྱོད། ༢༠༠༦ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་བང་ཆེན་གསར་ཤོག་གི་གསར་འགོད་པའི་ལས་ཀ་བྱས་ནས། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྱི་ལས་ཁུར་ཞུ་བཞིན་པ་དང། ༢༠༠༨ ལོའི་ཕྱི་ཟླ་༣ པ་ནས་ད་བར་མུ་མཐུད་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་ལས་རོགས་ཀྱི་འགན་ཁུར་བཞིན་ཡོད།
ཡེ་ཤེས་མཚོ་མོ།
ལས་འགན། སྲི་ཞུ་ཁང་གི་རྩིས་པ་དང། བོད་ཀྱི་བང་ཆེན་གྱི་འགྲེམས་སྤེལ་བ།
ཡེ་ཤེས་མཚོ་མོ་ནི། ཕྱི་ལོ་༡༩༧༥ ལོར་ཚ་བ་མཛོ་སྒང་དུ་སྐྱེས། ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་འཛིན་རིམ་བཅུ་པའི་བར་སློབ་སྦྱོང་བྱས། རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཏན་སློབ་ཏུ་འཛིན་རིམ་བཅུ་གཉིས་སློབ་ཐོན་བྱུང་རྗེས། ཕྱི་ལོ་༡༩༩༩ ལོར་ལྡི་ལི་གཙུག་ལག་མཐོ་རིམ་སློབ་གཉེར་ཁང་དུ་འབྱུང་རིག་དང། ཡིག་ཚང་གི་འཛིན་སྐྱོང། དྲུང་ཡིག་བཅས་ཆེད་སྦྱོང་བྱས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A) སློབ་ཐོན་ཐུབ་པ་བྱུང། ༢༠༠༢ ལོར་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་གློག་ཀླད་སྦྱོང་བརྡར་བྱས། ཕྱི་ལོ་༢༠༠༣ ཟླ་༥ པར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ལས་ཞུགས་བྱས་ནས་ད་བར་རྩིས་པ་དང། བོད་ཀྱི་བང་ཆེན་འགྲེམས་སྤེལ་བའི་འགན་ཁུར་གཙོ་བོ་ལེན་བཞིན་ཡོད།
གངས་ལྷ་མོ།
ལས་འགན། བོད་ཀྱི་བང་ཆེན་གྱི་གསར་འགོད་པ་དང། རྒྱ་ཡིག་དྲ་རྒྱའི་རྩོམ་སྒྲིག་པ།
གངས་ལྷ་མོ་ནི། ཕྱི་ལོ་༡༩༦༧ ལོར་བོད་ཁམས་བྲག་གཡབ་ཏུ་སྐྱེས། བྲག་གཡབ་རྫོང་དང་ཆབ་མདོ་བཅས་སུ་སློབ་ཆུང་དང་སློབ་འབྲིང་སློབ་ཐོན་ཐོག་ལྷ་ས་རུ་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་སུ་སློབ་གཉེར་ལོ་ངོ་ཧྲིལ་པོ་བཅོ་བརྒྱད་རིང་བྱས། ཕྱི་ལོ་༡༩༨༩ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་གསར་བརྗེ་ངོ་ལོག་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ངལ་རྩོལ་བསྒྱུར་བཀོད་ལོ་གསུམ་གྱི་ཁྲིམས་ཐག་བཅད། བཙོན་གྲོལ་ཐོབ་རྗེས་ཆབ་མདོ་རྫོང་ཡིག་སྒྱུར་ཁང་དང༌། རྫོང་འོག་ཤང་ཁག་གི་དྲུང་ཡིག དཔྱ་ཁྲལ་ལས་ཁུངས་སོགས་སུ་ལས་ཀ་བྱས། རྗེས་སུ་ལྷ་སར་གནས་སྤོ་བྱས་རྗེས་ཀྱང་ཁེ་ལས་སྡེ་ཚོགས་ཀྱི་རྩིས་པ་སོགས་ཀྱི་ལས་ཀ་བྱས་པ་དང། མཐར་ལྷ་སའི་ཉེ་འཁོར་གྱི་དྭ་ཕྲུག་སློབ་གྲྭ་ཞིག་གི་འགན་འཛིན་དང་སློབ་དགེ་གཅིག་ལྕོགས་བྱས། ཕྱི་ལོ་༢༠༠༢ ལོར་བཙན་བྱོལ་དུ་འབྱོར་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་༸སྐུའི་མཛད་རྣམ་སྡེ་ཚན་དང༌། ཉམས་ཞིབ་སྡེ་ཚན་དུ་ཉམས་ཞིབ་པའི་ལས་གནས་སུ་ལོ་ལྔ་ལྷག་ཙམ་རིང་ལས་ཀ་བྱས། རང་གི་ལོ་རྒྱུས་རྒྱ་བོད་ཡིག་རིགས་གཉིས་ཀྱི་དེབ་གཉིས་དང༌། དཔྱད་རྩོམ་ཕྱོགས་བསྒྲིགས་བཅས་བསྡོམས་དེབ་གསུམ་བྲིས། ཕྱི་ལོ་༢༠༠༨ ཟླ་༥ པ་ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ལས་ཞུགས་ཀྱིས་རྒྱ་ཡིག་དྲ་རྒྱའི་རྩོམ་སྒྲིག་པ་དང་བོད་རྒྱ་ཡིག་བསྒྱུར་གྱི་འགན་ཁུར་གཙོ་བོ་ལེན་བཞིན་ཡོད།
སོག་ཤོད་དར་རྒྱས།
ལས་འགན། སྲི་ཞུ་ཁང་གི་དངུལ་གཉེར་དང། བོད་ཀྱི་བང་ཆེན་གྱི་གསར་འགོད་པ།
སོག་ཤོད་དར་རྒྱས་ནི། བར་ཁམས་སོག་རྫོང་ས་མ་འབྲོག་ཁུལ་དུ་སྐྱེས། ལོ་བཅུའི་ཐོག་སོག་རྫོང་ཆ་ཚང་སློབ་ཆུང་དུ་བསྐྱོད་ནས་སློབ་ཐོན་རྗེས་སོག་ཙན་དན་དགོན་དུ་ཆོས་ལ་ཕྲན་ཙམ་སྦྱངས་པ་བྱས། ཕྱི་ལོ་༢༠༠༡ ལོར་རྒྱ་གར་དུ་བཙན་བྱོལ་འབྱོར་ནས། གསོག་སྒར་སློབ་གྲྭ་རུ་ལོ་གཉིས་དང་ཕྱེད་ཀའི་རིང་དབྱིན་བོད་སྐད་ཡིག་ལ་སློབ་སྦྱོང་གི་གོ་སྐབས་ཐོབ། དེ་ནས་༢༠༠༣ ལོར་ནོར་གླིང་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཤིང་ལོ་གསུམ་རིང་ནང་ཆོས་གཙོས་པའི་བོད་ཀྱི་ཐུན་མིན་རིག་གནས་ཁག་དང་ཞོར་དུ་དབྱིན་ཡིག་ལ་སྦྱངས་བརྩོན་བྱས། ༢༠༠༦ ལོར་མཐོ་སློབ་ལེགས་ཐོན་བྱུང། བཙན་བྱོལ་ཁྲོད་ཀྱི་དུས་དེབ་དང་ཚགས་ཤོག་ཁག་ཏུ་སྙན་རྩོམ་དང་དཔྱད་བརྗོད་སོགས་གང་མང་སྤེལ་བཞིན་ཡོད། ༢༠༠༥ ལོར་དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པས་གོ་སྒྲིག་བྱས་པའི་ཚིགས་ལྷུག་རྩོམ་བྲིས་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང༌། ༢༠༠༦ ལོར་ཨ་རིར་ཡོད་པའི་རྒྱ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་བྱས་པའི་བདེན་པའི་འོད་སྣང་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༠༦ ཟླ་བ་བཞི་པ་ནས་༢༠༠༨ ཟླ་བ་བརྒྱད་པ་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བོད་ཀྱི་རིག་གཞུང་ཉམས་ཞིབ་སྡེ་ཚན་དུ་ལས་ཀ་བྱས། ཞོར་དུ་༢༠༠༧ ལོར་ཚིག་དང་གདངས་རང་ཉིད་ཀྱིས་བརྩམས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་དང་པོ་༼ཡུལ་གྱར་བའི་སེམས་པ།༽ཞེས་པ་བཏོན། ཕྱི་ལོ་༢༠༠༨ ལོའི་ཟླ་༨ པའི་ནང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ལས་ཞུགས་ཀྱིས་བོད་ཀྱི་བང་ཆེན་གྱི་གསར་འགོད་པ་དང། སྲི་ཞུ་ཁང་གི་དངུལ་གཉེར་གྱི་འགན་གཅིག་ལྕོགས་སུ་ཁུར་བཞིན་ཡོད།
ཀུན་ཁྱབ་དཔལ་བཟང།
ལས་འགན། བོད་ཀྱི་བང་ཆེན་གསར་འགོད་པ་དང་དབྱིན་ཡིག་དྲ་རྒྱའི་རྩོམ་སྒྲིག་ལས་རོགས།
ཀུན་ཁྱབ་དཔལ་བཟང་ནི། ༡༩༨༥ ལོར་ཁམས་ནང་ཆེན་དུ་སྐྱེས། ༡༩༩༣ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་འཛིན་རིམ་བཅུ་པ་བར་སློབ་སྦྱོང་དང། གྷོ་པལ་པུར་བོད་ཁྱིམ་དུ་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང། དེ་རྗེས་སུ་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བོད་ཀྱི་རིག་གནས་འབྱམས་པ་དང། ལྡི་ལི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཡིག་འགྲུལ་གྱི་ལམ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A)གཉིས་ཕྱི་ལོ་༢༠༠༨ ལོར་དུས་མཉམ་དུ་སློབ་མཐར་ཕྱིན། དེ་བཞིན་མཐོ་སློབ་སྐབས་སུ་ཟབ་སྦྱོང་རིགས་བཅུ་ཕྲག་ལྷག་ཏུ་ཞུགས་པ་དང་། ཕྱི་ལོ་༢༠༠༧ ལོར་རྒྱ་གར་རྒྱལ་ཡོངས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དང་པོར་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་འཐུས་ཚབ་དང། ༢༠༠༨ ལོར་བོད་རིགས་མཐོ་རིམ་སློབ་གྲྭའི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་གཙོ་སོགས་ཀྱི་འགན་ཁུར་མྱོང་བ་དང། ཕྱི་ལོ་༢༠༠༨ ཟླ་༡༠ ནས་བོད་ཀྱི་བང་ཆེན་གྱི་གསར་འགོད་པ་དང། ཉེ་བའི་ཆ་ནས་དབྱིན་ཡིག་དྲ་རྒྱའི་རྩོམ་སྒྲིག་ལས་རོགས་བཅས་ཀྱི་འགན་གཅིག་ལྕོགས་སུ་ལེན་བཞིན་ཡོད།
ལི་ཐང་འཇམ་བཟོད།
ལས་གནས། བོད་ཀྱི་བང་ཆེན་གྱི་གསར་འགོད་པ་དང། རྒྱལ་སྤྱིའི་གསར་འགྱུར་སྒྱུར་འགོད་པ།
ལི་ཐང་འཇམ་བཟོད་ནི། ཕྱི་ལོ་༡༩༧༨ ལོར་ཁམས་ལི་ཐང་དུ་སྐྱེས། ཕྱི་ལོ་༡༩༩༠ ལོར་བཙན་བྱོལ་དུ་འབྱོར་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ལོ་དྲུག་རིང་ནང་ཆོས་གཙོ་བོར་གྱུར་པའི་ཐུན་མོང་པའི་རིག་གནས་ཁག་ལ་སྦྱངས་པ་བྱས། ཕྱི་ལོ་༢༠༠༠ ལོར་ནོར་གླིང་མཐོ་སློབ་ཏུ་འཛུལ་ཞུགས་ཀྱིས་༢༠༠༢ ལོར་སློབ་མཐར་ཕྱིན། ཕྱི་ལོ་༢༠༠༣ ནས་༢༠༠༥ བར་ནོར་གླིང་ཞིབ་འཇུག་ལྟེ་གནས་སུ་ཞིབ་འཇུག་གི་ལས་ཀ་བྱས། སྐབས་དེར་གངས་ཅན་ཤེས་རིག་བང་མཛོད་ཀྱི་ཞིབ་འཇུག་པ་དང་ནོར་འོད་དུས་དེབ་ཀྱི་རྩོམ་སྒྲིག་པ། ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་གསར་བཟོའི་ཁོངས་སུ་ལས་ཀ་བྱས། ཕྱི་ལོ༢༠༠༦ ནས ༢༠༠༨ བར་ལོ་གསུམ་རིང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་བོད་ཡིག་དགེ་རྒན་གྱི་ལས་ཀ་བྱས། དེའི་རིང་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། སློབ་གྲྭའི་སྒྲིག་གཞི་ལག་བསྟར་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱི་འགན་ཁུར། ཞོར་དུ་<<སྤྱི་ཚོགས་དཔྱད་བརྗོད།>>ཟེར་བའི་དེབ་གཅིག་བྲིས་པར་སློབ་གྲྭའི་ཡིག་ཚང་ནས་གཟེངས་རྟགས་ཐོབ། ཕྱི་ལོ་༢༠༠༩ ཕྱི་ཟླ་དང་པོ་ནས་བོད་ཀྱི་བང་ཆེན་གསར་ཤོག་གི་གསར་འགོད་པ་དང་རྒྱལ་སྤྱིའི་གསར་འགྱུར་བསྒྱུར་སྒྲིག་གི་ལས་འགན་འཁུར་བཞིན་ཡོད།
བཀྲ་ཤིས་བདེ་ལེགས།
ལས་འགན། བོད་ཀྱི་བང་ཆེན་གྱི་ས་གནས་གསར་འགོད་པ།
བཀྲ་ཤིས་བདེ་ལེགས། ཕྱི་ལོ་༡༩༨༠ ལོར་ཁམས་མི་ཉག་རབ་སྒང་དུ་སྐྱེས། ཆུང་དུས་ནས་སྒེར་བཙུགས་སློབ་གྲྭ་ཞིག་ཏུ་བོད་ཡིག་ཀློག་འདོན་སྦྱངས་ཤིང། མི་ཉག་རབ་སྒང་དགོན་གྱི་ཆོས་སྒོར་ཞུགས་ནས་སློབ་སྦྱོང་དང། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ལོ་གཉིས་དང། ཨ་འཛོམས་ཆོས་སྒར་དུ་ལོ་གཅིག་བཅས་ལ་ནང་པའི་ཆོས་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་བྱས། ཕྱི་ལོ་༢༠༠༢ ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་ལྔའི་རིང་བོད་ཀྱི་རིག་གནས་དང། དབྱིན་ཇིའི་སྐད་ཡིག གློག་ཀླད་བཅས་སློབ་སྦྱོང་དང་ལྡི་ལིར་གློག་ཀླད་ཆེད་སྦྱོང་དུ་བསྐྱོད། རྫོགས་ཆེན་དགོན་པའི་དུས་དེབ་པི་ཝང་དཀར་པོའི་རང་སྒྲ་ཞེས་པའི་རྩོམ་སྒྲིག་ལས་རོགས་དང། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་མིག་འབྱེད་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་ཀྱི་ལས་ཀ་བྱས། ཕྱི་ལོ་༢༠༠༨ ཟླ་༩ པ་ནས་བོད་ཀྱི་བང་ཆེན་གྱི་མེ་སོར་ཡན་ལག་གི་འགན་ཁུར་བ་དང་གསར་འགོད་པའི་ལས་འགན་ཁུར་དང་འཁུར་མུས་སུ་ཡོད།།
ཐུབ་བསྟན་བཀྲ་ཤིས།
ལས་འགན། བོད་ཀྱི་བང་ཆེན་གྱི་ས་གནས་གསར་འགོད་པ།
ཐུབ་བསྟན་བཀྲ་ཤིས། ཕྱི་ལོ་༡༩༨༣ ལོར་སྐྱེས། གསེར་རྟ་རྫོང་ཁོངས་མཆོག་ཚང་སྟག་ལུང་དགོན་པའི་ཆོས་སྒོར་ཞུགས་ནས་སློབ་གཉེར་དང། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་ཀྱིས་ལོ་བདུན་ཙམ་གྱི་རིང་ནང་ཆོས་དང་ཐུན་མོང་རིག་གནས་ལ་སྦྱངས་བརྩོན་བྱས་པ་མ་ཟད། ཆོས་སྡེ་དེའི་ལས་སྣེའི་འགན་ཡང་ཁུར། ཕྱི་ལོ་༢༠༠༣ ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་ལྔའི་རིང་བོད་ཀྱི་རིག་གནས་དང། དབྱིན་ཇིའི་སྐད་ཡིག་གློག་ཀླད་བཅས་ལ་སྦྱང་བརྩོན་བྱས། ཕྱི་ལོ་༢༠༠༨ ལོའི་ལོ་མཇུག་ནས་ལྡི་ལིར་གློག་ཀླད་ཆེད་སྦྱོང་དུ་བསྐྱོད། ༢༠༠༩ ལོའི་ཕྱི་ཟླ་༣ པ་ནས་བོད་ཀྱི་བང་ཆེན་གསར་ཤོག་གི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཡན་ལག་ལས་ཁང་གི་འགན་ཁུར་བ་དང་གསར་འགོད་པའི་འགན་ཁུར་ཞུ་བཞིན་ཡོད།
ཚེ་དབང་རིག་འཛིན།
ལས་འགན། སྲི་ཞུ་ཁང་གི་ཡིག་གད་དང། བོད་ཀྱི་བང་ཆེན་གྱི་འགྲེམས་སྤེལ་ལས་རོགས།
ཚེ་དབང་རིག་འཛིན་ནི། ཕྱི་ལོ་༡༩༨༧ ལོར་སྐྱེས། ཕྱི་ལོ་༢༠༠༣ ལོར་བཙན་བྱོལ་དུ་ཡོང་ནས་རྒྱ་གར་ལྷོ་པྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ལོ་གཉིས་ལ་སློབ་སྦྱོང་བྱས་ནས་ཡུལ་སྐད་སོགས་རང་འགོ་ཐོན་ཐུབ་པ་བྱུང། དེ་ནས་ཕྱི་ལོ་༢༠༠༥ ལོར་གསོག་སྒར་སློབ་གྲྭ་རུ་ཞུགས་ནས་ལོ་གཉིས་མ་ཟིན་ཙམ་གྱི་རིང་སློབ་སྦྱོང་བྱས། སློབ་གྲྭ་ནས་རྩ་དགོངས་ཞུས་ཏེ་དྷ་སྟེང་དུ་དབྱིན་ཇིའི་སྐད་ཡིག་ཅུང་ཙམ་རེ་སློབ་སྦྱོང་དང་ཞོར་དུ་འཚོ་ཐབས་ཀྱི་ལས་ཀ་བྱས། ཕྱི་ལོ་༢༠༠༩ ཟླ་༩ པའི་ནང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ཞུགས་ནས་ཡིག་སྐྱེལ་དང་གད་པ། བོད་ཀྱི་བང་ཆེན་གསར་ཤོག་འགྲེམས་སྤེལ་ལས་རོགས་ཀྱི་འགན་ཁུར་ལེན་བཞིན་ཡོད།
About us




