རྡ་སའི་གནམ་གཤིས་ནི་འཁྱག་ནས་འཁྱག་ཏུ་རེད་ལ། འཁྱམ་པོའི་ཡིད་སེམས་ཀྱང་སྐྱོ་ནས་སྐྱོ་རུ་རེད། གཟིགས་དང༌། རང་དབང་དང་རང་བཙན་ཡོད་པའི་རྒྱལ་ཁབ་རྣམས་ནི་དགའ་དགའ་སྤྲོ་སྤྲོའི་ངང་ནས་གནམ་ལོ་གསར་པའི་དགའ་སྟོན་ལ་བྲེལ་བཞིན་པ་སོགས་མཐོང་དུས། དེ་ནི་ང་ཚོས་ལོངས་སུ་སྤྱོད་བྱ་ཞིག་མིན་པར་ང་ཚོ་ནི་ད་དུང་ཐག་རིང་ཐག་རིང་ཞིག་ན། ཆ་མེད་རྒྱུས་མེད་ཀྱི་ལུང་པ་ཞིག་ཏུ་ཅི་ཞིག་སྒུག་ནས་ཡོད་པའི་སེམས་འཚབ་ཅིག་ལོད་འོང༌།
མ་ཟད་རང་ཡུལ་ཕ་ས་སྨུག་པོའི་ལྷས་འདབས་ན་ཞི་བདེ་དང་བག་ལྷོད་ཀྱི་འཚོ་བ་ཞིག་མེད་པར། དངངས་སྐྲག་དང་ན་ཟུག་གི་ཐལ་འཚུབ་ཅིག་ལྡང་གིན་དུ་གནས་ཡོད། ཀྱེ་མ། ང་ཚོའི་ལས་དབང་ནི་གཞན་ཡུལ་དུ་རྫོགས་ཤིང་གཞན་ཡུལ་དུ་ལུས། ཡར་བལྟས་ཀྱང་གནམ་སྔོན་པོ་དེ་ང་ཚོའི་མིན་ལ། མར་བལྟས་ཀྱང་ས་དོག་མོ་དེ་ང་ཚོའི་མིན། ནམ་ཡིན་ཡང་ས་བདག་ཚོའི་བཀོད་པ་ལ་ཉན་དགོས། ཕ་གིའི་གངས་རིའི་ཁོར་ཡུག་ན་ང་ཚོའི་སྤུན་ཟླ་ཚོས་ལག་རེ་འགུལ་ན། གཤིན་རྗེའི་གམ་དུ་བརྫང་སྲིད་ལ། ཐ་ན་དབང་པོ་སྐྱོན་ཅན་ཞིག་བཟོ་སྲིད། ཁ་རེ་གྲག་ན་དམྱལ་བའི་མེ་ནང་དུ་བསྟིམ་སྲིད་ལ། ཐ་ན་མི་ཚེ་བཙོན་ནག་ཏུ་འགྲོ་སྲིད། མདོར་ན་མིང་ཙམ་གྱི་ཞི་བདེ་ཁ་ལ་འཁྱེར་བའི་བོད་ཡུལ་ན་ངའི་སྤུན་ཟླ་ཚོར་ཡན་ལག་ཆ ཚང་ཞིག་ཀྱང་བདག་པའི་དབང་ཆའང་མི་འདུག
|
|



10:27:49