The Tibet Express Blogs ལི་ཐང་དབྱིག་གཉེན། གྲྭ་ངན་འགའ་ཤས་ཀྱི་སྤྱོད་པའི་ཐད་དུ་བཏོན་པའི་བསམ་འཆར།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2011.12.12 03:27:57
གྲྭ་ངན་འགའ་ཤས་ཀྱི་སྤྱོད་པའི་ཐད་དུ་བཏོན་པའི་བསམ་འཆར།
There are no translations available.

༡༽ གྲྭ་ངན་འགའ་ཤས་ཀྱི་སྤྱོད་པའི་ཐད་དུ་བཏོན་པའི་བསམ་འཆར།                                 

གླེང་སློང་བ།

དེང་རབས་ཉེར་གཅིག་པའི་ད་ལྟའི་གཉན་འཕྲང་ཅན་གྱི་དེང་སྐབས་འདི་དང་བརྟེན་ནས་ངས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་ཞིག་འདི་ནས་བརྡོལ་འདོད་པ་ཙམ་ཡིན། སྤྱིར་ན་མི་ང་ལྟ་བུ་ཞིག་གིས་གྲྭ་བའི་སྤྱི་ཚོགས་སུ་བསམ་ཚུལ་འདོན་པའམ་དེ་བས་ཉེན་ཚབ་ཆེའི་གྲྭ་བའི་རྒྱུན་སྤྱོད་ཀྱི་ལས་ཉེས་སྐོར་གླེང་ཁུལ་བྱས་པ་ནི་དངོས་གནས་གད་མོ་སློང་དགོས་པའི་གནད་ཅིག་ཡིན་མོད། འོན་ཀྱང་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པ་ལས་ངའི་བསམ་ཚུལ་ཐམས་ཅད་བདེན་པར་འགྱུར་བའི་ངེས་པ་མེད་མོད། དེའི་ཕྱིར་ངས་ཀྱང་ང་རང་འགྲོ་བ་མི་ཞིག་གམ་སྨྲ་ཤེས་དོན་གོ་བ་ཞིག་གིི་འདུ་ཤེས་ཡོད་པར་གཞི་ལ་བཟུང་ནས་འགྲོ་བ་མི་ཞིག་གི་ངོས་ནས་གླེང་ན་བླ་ན་མེད་པའི་རིན་ཐང་ཅན་གྱི་སྨྲ་བརྗོད་རང་དབང་གི་གོ་སྐབས་འདི་ལ་བརྟེན་ནས་ཐོབ་ཐང་ལག་ཏུ་ལེན་ཏེ་ཕྲན་གྱིས་ཏོག་ཙམ་གླེང་འདོད་བྱུང་།


གྲྭ་བ་བྱུང་རིམ་སྐོར་གླེང་བ།               

དེ་ཡང་དང་པོ་གྲྭ་བའམ་སེར་མོ་བ་བྱུང་རབས་ནི་མི་ལོ་སྟོང་གི་ཡ་སྔོན་ཞིག་སྟེ་རང་རྒྱལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་རྒྱལ་པོ་ཟས་གཙང་གི་སྲས་རྒྱལ་བུ་དོན་ཀུན་གྲུབ་པ་རུ་འབོད་པས ༼ དང་པོ་སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་བྱང་ཆུབ་པར་བསླབས་ནས་རྒྱལ་སྲིད་ཀྱི་བྱ་བ་ལེགས་པར་སྐྱོང་སྐབས་སུ་ཕོ་བྲང་གི་ཕྱོགས་བཞི་ནས་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་དག་མངོན་སུམ་དུ་གཟིགས་ནས་འགོག་མེད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་ལམ་ཁའི་རྩྭ་བཞིན་དུ་དོར་། མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་བྱུང་གི་བསྙེན་པར་རྫོགས་ནས་སྙིང་རུས་དང་དཀའ་སྤྱད་དྲག་པོ་བྱས་ཏེ་མཐར་མ་གྷ་དྷ་རུ་མངོན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རྙེད་པ་ནས་བཟུང་གྲྭ་བའི་གོམ་ཁ་འདི་གཞི་ནས་ས་སྒང་ཧྲིལ་པོ་ཐོག་ཏུ་སྤོ་འགོ་བཙུགས་ཡོད་་༽¬¬༼ཤེད་ཀྱི་རྡུང་བའི་ཅོང་བརྡ་ལས་དྲང༽ཅེས་པའི་བཤད་སྲོལ་ནི་རླུང་ལྟར་གྲགས་ཆེ་བ་ཞིག་ཏུ་སྣང་། དེ་ནས་རིམ་པ་བཞིན་དུ་རྒྱ་གར་གྱི་གྲོང་ཁྱེར་གནས་མཆོག་ལྦ་རྭ་ཎ་སིར་བཀའ་དང་པོ་བདེན་བཞི་ཆོས་འཁོར་དང་། དེ་ནས་གཉིས་པ་དང་གསུམ་པ་ཡང་རིམ་པ་བཞིན་དུ་བསྐོར་ཏེ་སེར་མོ་བ་འམ་ཡང་ན་གྲྭ་བའི་གྲང་འབོར་ཧང་ཅང་གི་འཕེལ་རྒྱས་ཅན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད།                    

དེར་བརྟེན་བོད་ཡུལ་དུ་ཡང་གྲྭ་བ་འམ་སེར་མོའི་སྡེ་གསར་དུ་ཚུགས་དུས་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུའི་དུས་སྐབས་སུ་རྒྱལ་པོ་ཉིད་ཀྱིས་སློབ་དཔོན་ཞི་བ་ཚོ་བོད་དུ་གདན་དྲང་སྟེ་སད་མི་མི་བདུན་གྲྭ་བ་བྱས་ཏེ་རིམ་བཞིན་གྲྭ་བའི་གྲངས་འབོར་འདི་བཞིན་འཕེལ་རྒྱས་སུ་སོང་ཡོད་པའི་ཚུལ་འདི་ནི་དགོས་པའི་དབང་གི་ངོ་སྤྲོད་ཙམ་ཞིག་གོ ད་ལྟའི་གྲྭ་ངན་འགའ་ཡི་སྤྱོད་ལམ་གླེང་བ། ད་ལྟ་སྟེ་དུས་རབས་ཉེར་གཅིག་པའི་གདན་ས་རྒྱ་མཚོ་ཆེན་པོའི་ནང་གི་གྲྭ་བའི་སྤྱོད་ལམ་ནི་ཧ་ཅང་ཉམ་ཆགས་སུ་ཕྱིན་ཡོད་ལ། གཟབ་གཟབ་མ་བྱེད་ན་འབྱུང་འགྱུར་ཡང་དེ་ལས་སྡུག་ཏུ་མི་འགྱུར་བའི་ངེས་པ་གཏན་ནས་མེད། དེ་འང་ངས་ཕོ་ཚོད་བྱས་ཏེ་བཤད་བཞག་པ་ཞིག་གཏན་ནས་མིན་ཏེ། སྤྱོད་ལམ་དེ་དག་ནི་ཀུན་གྱིས་དངོས་མཐོང་ལག་ཟིན་བྱུང་བ་ཡིན་པས་སོ། ངས་བསམ་པར་ད་ལྟའི་གདན་ས་རྒྱ་མཚོ་ཆེན་པོའི་འདིའི་ནང་དུ་སློབ་གཉེར་བྱེད་བཞིན་པའི་གྲྭ་རྒྱུན་འདི་དག་ནི་མང་ཆེ་བའི་ཕ་ཡུལ་བོད་ནས་ཡིན་ལ། ཁོ་ཚོ་ཆུང་དུས་ནས་གྲྭ་བའི་ཁྲིམས་དང་སྒྲིག་གཞི་ཇི་ལྟར་གསུང་དགོས་མིན་མི་ཤེས་ཀྱང་གྲྭ་བའི་གཟུགས་བརྙན་འདི་དག་མཐོང་ཙམ་ནས་གྲྭ་བ་སྐྱིད་མདོག་རྒྱག་མདོག་གི་རྣམ་པ་ཁོ་ནས་དུས་འདའ་བཞིན་ཡོད་པ་དང་། ད་དུང་གྲྭ་བས་ཁྲིམས་ཁུར་བ་དང་། གྲྭ་བས་ལས་འགན་གང་ཡང་ཁྱེར་མི་དགོས་པར་སྐྱིད་ཉལ་རྒྱག་ཉལ་ཁོ་ནའི་ལམ་ནས་དུས་འདའ་བཞིན་འདུག་བསམ་སྟེ་རྒྱུ་མཚན་དེའི་ཕྱིར་གོང་སྨྲོས་ཀྱི་ད་ལྟའི་གདན་སའི་གྲྭ་རྒྱུན་འདི་དག་ཆུང་བྱིས་པའི་དུས་ནས་གྲྭ་བའི་འཁོར་ཡུག་ཏུ་འཛུལ་ཡོད་པ་ནི་གདོན་མི་ཟ།                       དེར་ལ་བསྟུན་ནས་ཉི་མ་དེ་ནས་བཟུང་ཁོ་ཚོ་གཟན་ཤམ་དམར་རྐྱང་རེ་གོན་ནས་དོན་དམ་པའི་གྲྭ་བ་ཡིན་མདོག་གི་ཤི་གསོན་གཉིས་ཀྱི་མགོ་རུ་དཀོར་ཟས་རྐྱང་རྐྱང་ཟས་ནས་དུས་འདས་ནས་སོང་ཡོད་ལ། རིམ་བཞིན་ནར་སོན་དུས་སམ་ལོ་ན་བཅུ་གཅིག་དང་བཅུ་དྲུག་ཡས་མས་སུ་སླེབས་ཟིན་དུས་ད་བཟོད་རང་ཉིད་གྲྭ་བ་བྱེད་ན་གྲྭ་བའི་ལས་འགན་དང་གྲྭ་བའི་ཆོས་ཁྲིམས་དག་ཁྱེར་རྒྱུ་ཁག་པོ་ཡིན་པའི་བསམ་བློ་དེའང་གཞི་ནས་འཁོར་འོངས་མོད། སྐབས་དེར་དུས་ཁོ་ཚོ་ཕྱི་དྲག་པ་ཡིན་ལ་བསམ་བློ་དེའི་དབང་གི་ཁོ་ཚོ་གྲྭ་བའི་ས་ཚིགས་ནས་སྐྱ་སར་བབ་པའི་དབང་དུ་བཏང་རུང་མཐོ་ས་ནས་བཤད་ན་རང་གི་དྲན་ཆེན་ཕ་མ་གཉིས་དང་སྤུན་ཆེ་དག་ལ་ངོ་གནོང་དགོས་ལ། དམའ་ས་ནས་བཤད་ན་ཕྱི་ཡི་མི་ཁས་བཟོད་མི་ཐུབ་པའི་སེམས་སུ་ན་ཟུག་ཅིག་སྟེར་རྒྱུ་ཉག་གཅིག་ཡིན་པའང་ཁོ་ཚོས་ཤེས་ཟིན་པས་དེའི་ཕྱིར་ཉིན་དེས་ནས་བཟུང་ཁོ་ཚོ་འགྱོད་པ་ཇི་ལྟར་སྐྱེས་རུང་སྐྱ་སར་བབ་རྒྱུའི་གོ་སྐོབས་འདི་འང་ཤོར་སོང་བ་རེད། དེར་བརྟེན་རང་གི་ཕ་མ་ཚོས་ཀྱང་ངའི་ཤ་ལས་སྐྱེས་པའི་བུ་ཕྲུག་འདི་རབ་བྱུང་ན་རྒྱ་གར་སླེབས་ནས་དགེས་བཤེས་ལྷ་རམས་པ་ཞིག་བྱུང་ན་བསམ་ཡོད་ལ། དེ་ལྟར་མ་བྱུང་ཡང་མ་མཐའི་ཆ་རྐྱེན་ཏེ་རབ་བྱུང་གཙང་མ་ཞིག་གམ་རྩ་བ་བཞི་བརྟན་པོ་གསུང་ཐུབ་པའི་གྲྭ་བ་ཞིག་བྱུང་ན་ད་གས་འགྲིག་འགྲོ་སྙམ་ནས་ཀུན་སློང་འདི་ལྟར་ཞིག་བཅོལ་ཏེ་ཁོ་ཚོ་རྒྱ་གར་ལུང་དུ་གཏོང་ཡོད།                      

དེའི་ཕྱིར་ཁོ་ཚོས་ཀྱང་ཁ་ཆེམ་འདི་དག་ཁྱེར་ནས་ཡོང་ཡོད་མོད། འོན་ཀྱང་སྟོབས་མ་ལེགས་པ་ཞིག་ལ་ཁོ་ཚོ་གདན་ས་རུ་སླེབས་ནས་ལོ་དང་ཟླ་བ་རིམ་གྱིས་བརྒྱུད་དུས་སུ་ད་བཟོད་ཁོ་ཚོས་རྒྱུད་ལ་ང་རྒྱལ་ཆེན་པོ་ཞིག་ཡོད་ལ། དེ་ནི་ང་རྒྱལ་ནང་གི་ང་རྒྱལ་ཕྲག་དོག་དང་འགྲན་སེམས་ཀྱི་རྣམ་པ་ཞིག་ཡིན་ལ། གནད་དོན་གཙོ་བོ་ནི་མི་ཞིག་གིས་རྟགས་གསལ་ཁྱབ་བསྐོར་གཅིག་ཡག་པོ་བཏང་ཤེས་ན་མི་འདི་གྲྭ་བ་ཡག་པོ་ཡོད་ལུགས་དང་། གལ་ཏེ་རྟགས་གསལ་ཡག་པོ་ཞེས་དྲག་བཏང་མ་ཤེས་ཀྱང་ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སྤྱོད་སོགས་ཇི་ལྟར་ཡག་ཀྱང་། ཚོགས་དང་ཆོས་གྲྭ་ཆད་ལྷག་མེད་པར་ཇི་ལྟར་འགྲིམས་ཀྱང་མི་ཕན་ལ་དེའི་ཕྱིར་ཁོ་ཚོས་འདི་དག་ནི་གྲྭ་བ་ཡག་པོ་ཞིག་ཏུ་ངོས་འཛིན་གཏན་ནས་བྱས་མི་སྲིད་དེ། གནད་དོན་མང་པོ་ཞུ་མི་དགོས་པ་འདི་དང་འདི་ལྟའི་གནད་དོན་དེའི་རྐྱེན་པས་ད་ལྟའི་གདན་ས་རྒྱ་མཚོ་ཆེན་པོ་འདིའི་ནང་གི་གྲྭ་རྒྱུན་འདི་དག་གི་རིགས་ནི་གྲྭ་བའི་སྡོམ་ཁྲིམས་སམ། བདག་ཅག་གི་སྟོན་པ་དཀའ་དྲན་ཅན་གྱི་གྲྭ་བར་ངེས་པར་དུ་མ་མཐའི་ཆ་རྐྱེན་ནི་རྩ་བ་བཞི་ལས་མི་འགལ་བ་ཞིག་དགོས་པ་ནི་བསྙོན་མེད་ཅིག་ཡིན་མོད་། འོན་ཀྱང་ད་ལྟའི་དུས་སྐབས་སུ་ཆར་རྗེས་ཀྱི་ཤྭ་མོ་ལྟར་བརྡོལ་བཞིན་པའི་གྲྭ་རྒྱུན་འདི་དག་གི་ནང་དུ་དགེ་ཚུལ་ཡིན་ན་ཁྲིམས་སུམ་ཅུ་སོ་དྲུག་གསུང་དགོས་པ་དང་། དགེ་སློང་ཡིན་ན་ཉིས་བརྒྱ་ལྔ་ཅུ་རྩ་གསུམ་གསུང་དགོས་པ་ནི་ཁོ་ཚོས་ཀྱང་ཤེས་ཀྱི་མེད་ལ་འདི་དང་འདི་དག་འདྲ་བའི་རིགས་ཀྱི་དགེ་རྒན་ཚོས་ཀྱང་དགེ་ཕྲུག་འདི་དག་ལ་བཀའ་སློབ་ཅིག་ཀྱང་གདམས་མྱོང་མེད་ཅེས་སྤོབས་པ་མཐོ་པོའི་སྒོ་ནས་བཤད་འོས་སྙམ། ཡང་ཕྱོགས་གཅིག་ནས་བཤད་ན་ང་ཚོའི་ཁ་དཔེ་ལྟར་༼སྐྱོན་འདོན་པ་ནི་ཡར་འགྲོའི་རྒྱུ་ཡིན་༽ཟེར་སྲོལ་ཞིག་ཡོད་མོད་ཀྱང་ཁོ་ཚོ་ནི་དེ་ལྟར་མིན་ལ་ཁོ་ཚོས་ཁ་ནས་ཚིག་གི་སྡེབ་སྦྱོར་མཛེས་པོ་བཤད་ཤེས་ལ། ད་དུང་གདན་ས་ནང་སྡད་པའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཀྱིས་གནས་སྐབས་ཀྱི་བདེ་བ་ལ་ལྟ་ཡི་མེད་པ་དང་། ད་དུང་ཚེ་ཕྱི་མའི་ལམ་ལ་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བཤད་སྲིད་མོད། དོན་དམ་པར་རིག་པས་དཔྱད་ན་ཁོ་ཚོ་ལ་ཅི་ཞིག་དགོས་པ་དང་གང་ཞིག་ཐོབ་འདོད་པ་ནི་རང་ཉིད་ཀྱི་མིང་ཆེན་ནམ་མཚན་སྙན་གྲགས་ཁོ་ནར་དམིགས་པ་ཡིན་པ་ནི་ངེད་ཚོས་བལྟས་ན་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་འོངས།                      

དེའི་ཕྱིར་གོང་སྨྲོས་ཀྱི་གྲྭ་རྒྱུན་འདིའི་རིགས་ནི་ཕྲག་དོག་དང་འགྲན་སེམས་ཀྱི་བཟི་ཞིང་ང་རྒྱལ་གྱི་གོང་བུ་ལྟ་བུའི་ལྡོག་ལྡོག་ཅིག་ཁོ་ཚོའི་རྒྱུད་ལ་ལྡན་པའི་ས་བོན་འདེབས་མཁན་ནི་གོང་སྨོས་གྲྭ་རྒྱུན་འདི་དག་གི་དགེ་རྒན་གྱི་མིང་ཙམ་འཛིན་པའི་ཀླད་པ་རྙིང་པ་ཚོ་ཡིན་པ་ནི་སུ་གང་ལ་འང་དོགས་པའི་གནད་མེད་དོ་སྙམ། དེ་ཡང་ངས་འདི་ལྟར་གླེང་དགོས་པ་ནི་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་དང་ཀུན་སློང་དྭངས་མ་མེ་ལོང་ལྟ་བུ་ཞིག་གི་འོག་ནས་གླེང་པ་ཡིན་མ་གཏོགས་རང་སྣང་གང་ཤར་དང་ཁུང་མེད་ལུང་མེད་ཅིག་གི་སྒོ་ནས་གླེང་པ་གཏན་ནས་མིན། མ་ཟད་སྔོན་བྱོན་ནང་དོན་རིག་པའི་གཞུང་ལུགས་ལ་འབད་བརྩོན་བྱས་པའི་སེར་མོ་བ་གྲངས་ལས་འདས་པ་ཞིག་བྱུང་མྱོང་ཡོད་ཀྱང་ད་ལྟའི་གདན་སའི་གྲྭ་རྒྱུན་འདི་དག་གི་ཀུན་སྤྱོད་ལྟ་བུ་ཞིག་ཁྱེར་ནས་འོངས་རབས་ཤིག་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ཅི་འདྲ་ཞིག་བསྔོགས་ཀྱང་མཇལ་རྒྱུ་མེད་པ་མ་ཟད། དེ་ལས་ལྡོག་ཏེ་ད་དུང་གོང་སྨྲོས་ལྟར་ཕྲག་དོག་དང་འགྲན་སེམས་ཀྱི་རྣམ་པ་ཁོ་ན་འཆང་པ་དང། གཞན་ལ་རྙེད་པ་དང་། བཀུར་སྟི་དང་། སྙན་གྲགས་སོགས་ཇི་ཙམ་ཐོབ་ན་སྙམ་པའི་ཀུན་སློང་ཁྱེར་བ་ནི་རང་ཉིད་ཀྱིས་ཆོས་ལ་བརྟེན་པའི་སྡིག་ཁམ་པོ་ཆེ་གསོག་པ་ཡིན་ཏེ།                      

ཇི་སྐད་དུ་དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ལས། གཞན་དང་ཁ་གཤགས་འགྱེད་པ་ཙམ་དང་། རྙེད་པ་དང་བཀུར་སྟི་དང་། གྲགས་པ་ཇི་ཙམ་ཐོབ་ན་སྙམ་དུ་མིི་བྱ་སྟེ། གཞན་དུ་ན་དེ་ཉིད་ཤེས་རབ་འཆལ་བའི་རྒྱུར་འགྱུར་ཞིང་། ཆོས་ལ་བརྟེན་པའི་སྡིག་ཁམ་པོ་ཆེ་་གསོག་པས་མཁས་པ་སྔ་མ་དག་གསུང་བ་ལྟར་། གཟུང་ན་ཚིག་མི་ཟིན། བསམ་ན་དོན་མི་གོ བསྒོམས་ན་རྒྱུད་ལ་མི་སྐྱེ་བས་བློ་གྲོས་དང་ལྡན་པ་དག་གིས་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ། ཞེས་གོང་སྨྲོས་ཀྱི་འདི་དང་འདི་འདྲའི་རིགས་ལ་གདམས་ངག་ཟབ་མོ་ཞིག་སྩལ་ཡོད་སྙམ། ད་དུང་རྒྱུན་དུ་ཁ་ནས་གདམས་ངག་ཅིག་སྐྱོར་རྒྱུ་ཡོད་པ་ནི་འདི་ལྟར་༼ང་རྒྱལ་གྱི་གོང་བུ་ལ་ཡོན་ཏན་གྱི་ཕྱུགས་མི་བྱ་༽ཞེས་པའི་གནད་ལ་འཁེལ་བའི་སྐྱེ་ཆེན་དམ་པ་ཚོས་བསླབ་བྱ་འདི་དག་ཅིག་ནས་ཀྱང་གསང་ལམ་གྱི་གད་སྙིགས་ཁྲོད་དུ་མ་གཡུགས་བར་ཡིད་ལ་བཟུང་སྟེ་ལས་ཉོན་གྱིས་བཅིངས་པས་མི་ཤེས་པའི་དབང་གི་བྱ་བ་འདི་ལྟར་རྩོམ་བཞིན་པའི་དེང་རབས་ཀྱི་གདན་སའི་ངའི་གླེང་གཞི་རུ་གྱུར་པའི་གྲྭ་རྒྱུན་འདིའི་རིགས་ལ་མི་འགྱངས་བར་གདན་སའི་ལས་ཀྱི་སྣེ་མོ་ཚོས་གདམས་ངག་ཟབ་མོ་ཞིག་གནང་གལ་ཆེའོ་ཞེས་འབོད་སྐུལ་གྱིི་ཚུལ་དུ་བྲིས་པའོ།།                               

ཁུང་ལུང་དབེན་པའི་སྐད་ཅོ་མ་རྒྱག་པར་།།                                   

དྭངས་གཙང་སྙིང་ཁུང་སྟེང་གིས་མཐོང་ཚུལ་འདིས།།                                          

ཡ་ཁོག་སེམས་སུ་ན་ཟུག་སྟེར་དྲག་པས།།                                                    

དབང་མེད་སྨྲ་སྒོའི་ཀློང་ནས་དལ་གྱིས་ཤོར།།  

 

༼ གསལ་བཤད༽     གོང་གི་རྩོམ་ཡིག་ནི་གྲོགས་ཚ་རུ་མའི་བརྩོན་འགྲུས་ལགས་ཀྱི་༼དུས་ཀྱི་ངུར་སྨྲིག་༽ཅེས་པའི་དུས་དེབ་མགྱོགས་པོ་རྩོམ་བསྒྲིག་བྱས་འཆར་ཡོད་པས་འདིའི་སྐོར་རྩོམ་ཡིག་གམ་ཡང་ན་བསམ་འཆར་ཡོད་ན་གཅིག་དགོས་འདུན་བཏོན་པ་བཞིན་རང་ངོས་ནས་གང་མགྱོགས་བསམ་ཚུལ་ཐུང་ངུ་ཞིག་ད་ལྟའི་གདན་སའི་ནང་དུ་རྐུབ་བཙུགས་བཞིན་པའི་ཕྲག་དོག་དང་ང་རྒྱལ་གྱི་བཟི་བའི་སྐྱ་མིན་སེར་མིན་གྱི་རིགས་ཁག་ཅིག་ལ་བྲིས་པ་ཞིག་ཡིན། ད་དུང་འདི་ཚོར་འཆད་ན་གང་མང་ཞིག་འཆད་རྒྱུ་ཡོད་མོད། གནས་སྐབས་ཤིག་ཡུལ་དུས་གང་ཞིག་ཡིན་རུང་འདི་ཙམ་གྱི་འཐུས་པ་བྱོས།འདོན་སྤེལ།: ༢༠༡༡/༡༢/༡༢