The Tibet Express ཟིན་བྲིས་རྣམས་ལ་གཟིཌ། བོད་དུང་བ། འབར་བཞིན་པའི་བོད་ཀྱི་འཐབ་རྩོད་ཀྱི་མེ་ལྕེ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2012.02.04 12:35:18
འབར་བཞིན་པའི་བོད་ཀྱི་འཐབ་རྩོད་ཀྱི་མེ་ལྕེ།
There are no translations available.

བོད་རྒྱལ་ཁབ་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེག་གཏོང་བཞིན་པའི་རྒྱབ་མདུན་ལས་འཕྲོས་པའི་བསམ་ཚུལ་ཐོར་བུ།

བོད་རྒྱལ་ཁབ་དང་མི་རིགས་བསྟན་སྲིད་བཅས་ཀྱི་བླ་སྲོག་ལྟ་བུའི་གཞིས་བཞུག་རྒྱལ་གཅེས་སྤུན་ཟླ་ཚོ་དང་ལྷག་པར་དུ་འདས་ལོའི་ཟླ་དྲུག་པ་ནས་བཟུང་བོད་མདོ་ཁམས་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་གིས་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའམ་བོད་ཀྱི་ཆབ་དཔལ་རིག་གསུམ་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་གནས་ཡོང་ཐུབ་པའི་རེ་འདུན་སྙིང་བཅིངས་ཐོག་གཅེས་པའི་ཚེ་སྲོག་མཆོད་མེར་ཕུལ་དང་འབུལ་བཞིན་པའི་རླབས་ཆེན་གྱི་ཞི་རྒོལ་བྱེད་ཕྱོགས་འདི་ནི་ཆེས་བླ་ན་མེད་ཅིང་གཟི་བརྗིད་ལྡན་པའི་མི་རིགས་གང་ཞིག་གི་བདག་དབང་འཐབ་རྩོད་ཀྱི་ལས་འགུལ་ཞིག་དང་རྒྱལ་སྲས་དང་བྱང་ཆུབ་སེམས་དཔའི་མཛའ་སྤྱོད་ཁུར་དུ་བཞེས་ནས་བོད་མི་ས་ཡ་དྲུག་གི་རང་དབང་དང་བདེ་སྐྱིད་ལྷག་པར་དུ་བོད་གངས་ཅན་པ་ཙམ་མ་ཟད་འགྲོ་བ་སེམས་ཅན་སྤྱིའི་བདེ་སྐྱིད་ཀྱི་གཞི་རྩ་སྟོན་པ་ཤཱཀྱ་སེངྒེའི་བསྟན་པའམ་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་མ་ཉམས་རྒྱུན་གནས་ཐུབ་ཐབས་བཅས་ཀྱི་ཆེད་དུ་འདི་ལྟར་སྐུ་ལུས་མར་མེར་ཕུལ་ནས་རྒྱ་གཞུང་ལ་ཞི་རྒོལ་བྱེད་བཞིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།


 

དེ་ཡང་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པ་ཚོའི་འདི་ལྟར་རང་ལུས་མེར་བསྲེག་གཏོང་དགོས་པའི་གནད་དོན་གཙོ་བོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་།  ལྷག་པར་དུ་ཆོས་དད་རང་དབང་སོགས་ཁབ་རྩེ་ཙམ་ཡང་མེད་པ་མ་ཟད།  རྒྱ་ནག་དམར་པོས་སྲིད་གཞུང་གིས་མགོ་གཡོག་དང་མགོ་སྐོར་འཆར་གཞི་ལྡན་པའི་གཡོ་ཇུས་སྣ་ཚོགས་འོག་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཡུལ་སྲོལ་གོམས་གཤིས་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་ངན་བྱུས་ལ་བཟློག་ཐབས་གང་ཡང་མེད་པ་སོང་ཙང་།  འ་ཆད་འུ་ཐུག་ནས་འདི་ལྟར་ཚད་མཐོའི་ཞི་རྒོལ་མི་བྱེད་ཀ་མེད་བྱུང་བ་དཔྱོད་ལྡན་སྐྱེ་བོ་ཀུན་གྱི་ཧ་གོ་དོན་གསལ་རེད་ལ། དེ་དང་ཆབ་གཅིག་བྱེས་སྡོད་བོད་མི་ཚོས་ཀྱང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞུང་ཐོག་རྒྱ་གཞུང་ལ་དགོས་འདུན་དང་འབོད་སྐུལ་ཁག་གཅིག་གི་ཐོག་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་སོགས་ཞི་རྒོལ་གནང་བཞིན་ཡོད་ན་ཡང་། རྒྱ་གཞུང་གིས་ད་དུང་ཡ་ལན་སྤྲད་འཆར་ཡོད་པར་མ་རེད་ལ་ཕལ་ཆེར་སྤྲོད་ཀྱང་མི་སྲིད་པ་རེད། གང་ཡིན་ཟེར་ན། རྒྱ་གཞུང་གི་ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ཆར་གྱི་རྒྱལ་ཞེན་དང་ལྷག་བསམ་ཅན་དག་གིས་མཚོན་པའི་རླབས་ཆེན་གྱི་སྣེ་ཁྲིད་པ་ཚོ་རྩ་མེད་བཟོ་རྒྱུར་ངན་འཆར་དང་་འབད་རྩོན་བྱེད་བཞིན་ཡོད་པར་མ་ཟད་རྒྱལ་སྤྱིའི་ཐོག་དངོས་བདེན་མ་ཡིན་པའི་འཁྱོག་བཤད་དང་མི་བདེན་རྫུན་བསྒྲིག་གི་ཁྱབ་བསྒྲགས་རྐྱང་རྐྱང་དུས་ནས་དུས་སུ་བྱེད་བཞིན་ཡོད་པ་འདིའི་ཕྱོགས་ངོས་གཅིག་ལམ་སློང་དུ་འགྲོ་བཞིན་ཡོད་པ་ཡང་གསལ་བོ་རེད།

ཕྱོགས་གཞན་ཞིག་ནས་བཤད་ན། མི་ལོ་ལྔ་བཅུའི་དུས་ཡུན་རིང་ལ། བོད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ལས་འགུལ་གང་སྤེལ་ལ་རྒྱབ་སྐྱོར་དངོས་ཤུགས་བརྒྱུད་གསུམ་ནས་གནང་མཁན་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་པ་ཚོས་ཀྱང་སོ་སོིའི་གནས་སྐབས་ཀྱི་ཁེ་ཕན་དང་མཐར་ཐུག་གི་དགོས་མཁོ་དང་འབྲེལ་བའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེད་འཛུགས་གནང་བ་སོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་གང་མང་ཞིག་སྤེལ་བཞིན་ཡོད་ན་ཡང་།  ང་ཚོ་བྱེས་འབྱོར་བོད་པའི་ཆེས་མཐོའི་དབུ་ཁྲིད་ཚོས་གཙོས་བོད་པ་ཚོའི་ངོས་ནས་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་སོགས་ཀྱིས་བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས་གཅིག་པོ་ལ་རེ་བ་རྒྱབ་ནས་འཚམས་འདྲི་གཟིགས་སྐོར་དང་ཁ་ཡག་ངོ་སྲུང་གི་ལས་འགུལ་སྤེལ་ནས་བསྡད་པ་ཡིན་ན།  བྱེས་སྡོད་བོད་མི་ཚོའི་ལྟོ་གོ་འཚོར་ཐབས་ཙམ་ལས་དོན་དམ་པའི་བོད་པའི་རྩ་དོན་ལ་སྨན་པའི་འབྲས་བུ་ཆེས་ཆེར་ཐོབ་རྒྱུ་མེད་པ་གསལ་བོ་རེད་ལ།  ཞེ་དྲག་ཐོག་རྒྱུ་ཡོད་མདོག་གི་བསྒྲགས་གཏམ་སྤེལ་བསྡད་པ་ཡིན་ན་དེ་ནི་གཟི་བརྗིད་ལྡན་པའི་ཕྱག་ལས་ཤིག་དང་།  ཁྱབ་བསྒྲགས་བྱེད་རིན་ཡོད་པའི་རླབས་ཆེན་གྱི་བྱ་བཞག་ཅིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་མེད་པ་མ་ཟད། གཞིས་ལུས་རྒྱ་ཆེའི་མི་མང་གིས་བོད་བསྟན་སྲིད་མི་རིགས་ཀྱིས་རྩ་དོན་ཆེད་ཤི་གསོན་གྱི་འཐབ་རྩོད་བྱས་ནས་ཚེ་སྲོག་གིས་འགྲོ་སོང་བཏང་དང་གཏོང་བཞིན་ཡོད་པ་དེའི་འགན་ཁུར་སུ་ཞིག་གིས་ཐེགས་སམ་ཞེས་པའི་དྲི་བ་འདི་རང་བཞིན་སླེབས་ཡོངས་ཀྱི་འདུག   སོང་ཙང་གལ་སྲིད་ངེས་པ་དོན་གྱི་བོད་མིའི་རང་དབང་གི་འཐབ་རྩོད་གསོན་པོ་ཞིག་དང་ཆེས་ནུས་པ་ལྡན་པའི་བོད་ཀྱི་གནས་སྟངས་དྲིལ་བསྒྲགས་ཀྱིས་ལས་འགུལ་ཞིག་སྤེལ་བར་འདོད་ན།

 

དེ་རིང་གིས་བོད་ཀྱི་ནུས་ལྡན་སྣེ་ཁྲིད་པ་ཚོའི་བདག་ཉིད་ཆེན་པོ་གན་དྷིའི་རྗེའི་ལྟ་གྲུབ་ཀྱི་ཆ་ཤས་ཙམ་ལག་ལེན་གཙོ་འདོན་བྱེད་ཐུབ་ན་ད་གཟོད་སོ་སོ་སྤྱི་ཚོགས་གང་ཞིག་གི་དབུ་ཁྲིད་དམ་རླབ་ཆེན་གྱི་རང་དབང་འཐབ་རྩོད་པའམ་སྣེ་ཁྲིད་མི་སྣ་ཞིག་ཡིན་པའི་སྤོབ་པ་སྐྱེ་ཆོག  དེ་ཡང་ལས་འགུལ་གང་ཞིག་སྤེལ་དགོས་མིན་དང་གང་སྤེལ་བའི་ལས་འགུལ་དེའི་ནང་རང་ཉིད་མཉམ་ཞུགས་གནང་ཐུབ་པའི་འབད་རྩོན་བྱེད་རྒྱུ་དེ་བས་ཀྱང་དགོས་གལ་ཆེ་ལ། ལས་འགུལ་གྱི་ངོ་བོ་གཅིག་ལ་རྣམ་པ་འདྲ་མིན་གྱི་ཐོག་དུས་ཡུན་དེ་ཡང་ཞག་རེ་ཟུང་ཙམ་མིན་པར་མུ་མཐུད་ནས་ལས་འགུལ་རྒྱུན་སྐྱོང་བྱེད་ཐུབ་ན་བསྔགས་འོས་ཀྱི་གནས་སུ་གྱུར་པ་ཞིག་ག་ལ་མིན།

དེས་ན་ཁོ་བོས་མཚམས་འདི་ནས་བརྗོད་འདོད་པ་ནི། ད་ལྟ་སྤེལ་བཞིན་པའི་ལས་འགུལ་འདི་ནི་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་འདུན་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ཐོག་མཐོ་སྒང་གི་བོད་མི་ས་ཡ་དྲུག་གམ་བོད་ཁ་བ་གངས་ཅན་པའི་མཐར་ཐུག་གི་དམིགས་འདུན་ནམ་འཛམ་གླིང་འདིའི་ཐོག་གི་འགྲོ་བ་མི་སྤྱི་མཚུང་གིས་ཐོབ་ཐང་རང་དབང་དང་བདེ་སྐྱེད་ལྡན་པའི་ཁོར་ཡུག་ཞིག་ནས་འཚོ་གནས་ཐུབ་ཆེད་དུ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་གཡོ་ཇུས་མཐའ་དག་མཚམས་འཇོག་བྱེད་རོགས་ཞེས་དགོས་འདུན་དང་འབོད་སྐུལ་གང་མང་ཞུ་བཞིན་ཡོད་ཀྱང་ཡ་ལན་གང་ཡང་མེད་པ་མ་ཟད་ཉིན་རེ་བཞིན་བོད་པའི་གནས་སྟངས་ཛ་དྲག་ཆགས་བཞིན་པར་བརྟེན།  བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོ་འ་ཆད་འུ་ཐུགས་ནས་དུས་ཡུན་ངེས་མེད་ཀྱི་སྐུ་ལུས་མར་མེར་གཅིག་རྗེས་གཉིས་མཐུད་ཀྱིས་ཕུལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་དེ་རིང་གི་ཟླ་ངོ་དགུ་ཙམ་འགྲོ་བཞིན་ཡོད་ན་ཡང་།

 

ད་དུང་ཡང་རྒྱ་གཞུང་གི་ངོས་ནས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་མ་གཏོགས་དོན་དངོས་ཐོག་ཕུགས་ཕན་གྱི་ལས་ཀ་གཅིག་ཀྱང་བྱེད་ཀྱི་མེད་པ་གསལ་བོ་རེད། འོན་ཀྱང་ད་ལྟའི་སྐབས་རྒྱ་གཞུང་གིས་བོད་མི་བསླུ་བྲིད་དང་རྒྱལ་སྤྱིའི་མགོ་སྐོར་གཏོང་ཆེད་དུ་གཞུང་ལམ་ཆེ་ཁག་གི་ཉེ་འགྲམ་དུ་ཐོག་བརྩེགས་ཅན་གྱི་སྡོད་ཁང་གསར་རྒྱག་དང་།  སྐྱོབ་གསོ་རོགས་རམ་སོགས་ཀྱིས་མཚོན་པའི་བོད་པར་བདེ་སྐྱིད་ཆེས་ཆེར་བསྐྲུན་བཞིན་ཡོད་སྐོར་གྱི་འཛམ་གླིང་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤུགས་ཆེན་གྱི་གཡོ་ཇུས་དང་བསླུ་བྲིད་འོག་འཛམ་གླིང་རྒྱལ་སྤྱིའི་མི་མང་མགོ་གཡོག་མགོ་སྐོར་གཏོང་བཞིན་ཡོད་པའི་གནད་དོན་འདིའི་རིགས་ངེས་པར་དུ་དོན་དངོས་ཇི་བཞིན་འཛམ་གླིང་རྒྱལ་སྤྱིའི་མིག་མདུན་དུ་གསལ་སྟོན་བྱེད་རྒྱུ་བྱེས་སྡོད་བོད་མི་སྤྱི་དང་ལྷག་པར་སྣེ་ཁྲིད་པ་ཚོའི་ཁུར་དུ་བབ་པའི་འོས་འགན་ཉག་གཅིག་ཏུ་སྣང་།

 

དེ་ག་ནང་བཞིན་བོད་དང་བོད་མིའི་རང་དབང་སླར་གསོ་ཡོང་ཆེད་དང་།  རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཡ་ང་བའི་དྲག་གནོན་དང་གདུག་རྩུབ་ལ་འ་ཆད་འུ་ཐུག་ནས་འདི་ལྟར་རང་ལུས་མེར་བསྲེག་གི་ཞི་རྒོལ་བྱེད་བཞིན་པ་འདི་ཡང་ནག་སུབ་གཏོང་ཆེད་དུ་འཇིགས་བསྐུལ་རང་ལུགས་པའི་ངོ་བོའི་ལས་འགུལ་སྤེལ་གྱི་ཡོད་ཚུལ་དང་ཏཱ་ལའི་རུ་ཚོགས་ཀྱིས་ངན་བསྐུལ་རེད་ཟེར་བ་སོགས་ཀྱི་གཞི་མེད་སྐྱོན་བརྗོད་དང་ནག་མེད་ཉེས་འཛུག་གི་སྐྱོན་བརྗོད་བདེན་རྒྱབ་རྫུན་འགེབ་ཀྱི་ལས་ཀ་འབའ་ཞིག་བྱེད་བཞིན་པ་འདི་ལ་བྱེས་བཞུགས་བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་ཁག་མི་སྒེར་བཅས་ཀྱིས་ངེས་པར་དུ་ལན་འདེབས་དང་གསལ་བཤད་དུས་ནས་དུས་སུ་བྱེད་དགོས་པ་གཅིག་དང་། ལྷག་པར་དུ་འདས་པའི་མི་ལོ་ཧྲིལ་བོ་ལྔ་བཅུའི་བརྒྱུད་རིམ་ནང་ཕྱི་མིག་ཅིག་བལྟས་ནས་རྒྱ་ནག་གུང་ཁྲན་ཏང་གིས་ཆབ་སྲིད་ཀྱི་གཡོ་ཇུས་འོག་ཇི་ལྟར་འགྲོ་ཡོད་མེད་སོགས་ཀྱི་ཐད་ལ་བསྐྱར་ཞིབ་སྔོན་སོང་ཐོག་འབྱུང་འགྱུར་ཁ་གཏད་ཀྱི་ཕྱག་ལས་སམ་ལས་འགུལ་སྤེལ་གྱི་གལ་ཆེན་པོ་ཡིན་ལ་གང་ཞིག་སྤེལ་བའི་ལས་འགུལ་དེའི་ཐོག་ཆོད་སེམས་བརྟན་པོ་ཡོད་དགོས་པ་དེ་བས་ཀྱང་གལ་ཆེན་དུ་མཐོང་།  དཔེར་ན་ཤི་མ་གསོན་གྱི་བོད་རྒྱ་ཞིབ་མོར་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། བོད་པའི་འཐབ་རྩོད་ཀྱི་མེ་ལྕེ་འབར་བཞིན་པའི་སྐབས་རེར་བོད་རྒྱ་ཞིབ་མོར་བསྐྱར་གསོ་བྱེད་རྒྱུ་ཡིན་སྐོར་སོགས་ཀྱི་མཚོན་པའི་བསླུ་བྲིད་དང་མགོ་སྐོར་གྱིས་གཡོ་ཇུས་འོག་ང་ཚོ་ཐེངས་མང་ཕམ་ཉེས་བྱུང་བ་དོན་དངོས་རེད། སོང་ཙང་འབྱུང་འགྱུར་དེ་འདྲེའི་གལ་གནད་ཆེ་བའི་ཆབ་སྲིད་ཀྱི་དཀྱོག་མཚམས་ནས་དོགས་ཟོན་ངེས་པར་དུ་བྱེད་དགོས་པ་ཡང་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱིས་སྣེ་ཁྲིད་པ་ཚོར་དྲན་བསྐུལ་ཙམ་དུ་ཞུ་འདོད་བྱུང་།

བོད་མི་རིགས་ཀྱི་རླབས་ཆེན་དཔའ་བོ་ཚོའི་འདི་ལྟར་རང་ལུས་མར་མེར་ཕུལ་ནས་འཚེ་མེད་ཞི་བའི་ཐོག་ཚད་མཐོའི་ཞི་རྒོལ་བྱེད་དོན་དེ་ཡང་ད་ལྟའི་རྒྱ་གཞུང་གིས་དབང་འཛིན་དཔོན་རིགས་ཚོས་བོད་ཐོག་འཛིན་པའི་ཁྲག་དྲི་བྲོ་བའི་སྲིད་བྱུས་འདི་དག་ལ་འ་ཆད་འུ་ཐུག་ཐབས་ཟད་དུ་གྱུར་བ་མ་ཚད།  བོད་རྒྱལ་ཁབ་ཞིག་དང་མི་རིགས་ཤིག་ཆག་འཇིག་གི་ཉེན་ཁའམ་སོ་མཚམས་སུ་སླེབས་བཞིན་པའི་སྐབས་འདིར།  གཞིས་བཞུག་བོད་རིགས་སྤུན་ཟླ་ཚོས་འདི་ལྟར་རང་ལུས་མཆོད་མེར་མི་ཕུལ་ཀ་མེད་ཀྱི་གནས་ཚུལ་བྱུང་བཞིན་ཡོད་ན་ཡང་།  ད་དུང་རྒྱ་གཞུང་གིས་ངོས་ནས་ཉེན་སྐྱོབ་བྱེད་རྒྱུ་ལས་ལྡོག་ཏེ་ཡ་ང་དང་སྙིང་རྗེ་སྤུ་རྩེ་ཙམ་མི་བྱེད་པར་བོད་མི་ཚོར་དམར་གསོད་གཏོང་རྐྱང་བྱེད་བཞིན་པ་དང་ཆབ་གཅིག་བོད་ཀྱི་སྲིད་འབྱོར་རིག་གསུམ་རྩ་མེད་རྡོག་རོལ་རྐྱང་རྐྱང་གཏོང་བཞིན་ཡོད་པར་མ་ཟད། བོད་ཅེས་པའི་ཐ་སྙད་ཙམ་ཡང་མེད་པ་བཟོ་རྒྱུའི་ངན་འཆར་འཐེན་གྱིན་ཡོད་པ་མིག་སྔར་བྱུང་བཞིན་པའི་གནས་ཚུལ་ཁག་གིས་ར་སྤྲོད་བྱེད་ཐུབ་པ་ཞིག་རེད།

སྤྱི་བཏང་བཤད་ན། གནས་ལུགས་དང་རྒྱུ་མཚན་ལ་རྩི་འཇོག་བྱེད་ཅིང་ངོ་ཚ་དང་ཁྲེལ་གཞུང་སེམས་གཏིང་ན་ཡོད་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡིན་ན་དངོས་ཡོད་ལོ་རྒྱུས་ནག་སུབ་དང་ད་ལྟའི་གནས་སྟངས་ལ་འཁྱོགས་བཤད་སོགས་མི་སྤྱོད་ལས་འདས་པའི་གཡོ་ཧམ་གྱི་ལས་ཀ་བྱེད་ཕྱོགས་འདི་དག་བྱེད་མི་སྲིད་པ་འདྲ་བོ་ཞིག་རེད།  འོན་ཀྱང་རྒྱ་ནག་དམར་གཞུང་གི་དབང་འཛིན་མི་སྣ་ཚོས་ནི་བོད་པ་ཙམ་མིན་པར་དེང་གི་འཛམ་གླིང་དང་རྒྱལ་སྤྱི་ལ་ཁ་ཕྱོགས་ལོག་ནས་ཡོད་ཚད་བཙན་འཛུལ་དང་ཐུབ་ཚད་ཧམ་ཟ།  མགོ་གཡོག་མགོ་སྐོར་གཏོང་རྒྱུར་འབད་རྩོན་བྱེད་བཞིན་པ་འདི་ལ།  གཞིས་བཞུགས་བོད་པ་ཚོས་ངོས་ནས་འདོད་པ་མ་ཁེངས་བའི་རྣམ་འགྱུར་ཙམ་མིན་པར་འ་ཆད་འུ་ཐུག་ནས་རང་ལུས་མར་མེར་ཕུལ་བཞིན་ཡོད་པ་འདིའི་བོད་མི་ས་ཡ་དྲུག་ལ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་།  སྨྲ་བརྗོད་རང་དབང་སོགས་གང་ཡང་མེད་པ་མ་ཚད་རྒྱ་གཞུང་གིས་བོད་ཐོག་ཁྲག་དྲི་བྲོ་བའི་སྲིད་བྱུས་གཞིར་བཟུང་ཐོག་ཡ་ང་དང་སྙིང་རྗེ་སྤུ་རྩེ་ཙམ་མེད་པར་གདུག་རྩུབ་ལྡན་པའི་དྲག་གནོན་བར་མཚམས་མེད་པར་བྱེད་བཞིན་ཡོད་པར་བདེན་དཔང་བྱས་པ་ཞིག་ལ་ངོས་འཛིན་སུས་མི་བྱེད།

 

ཡིན་ན་ཡང་། བློ་ཕམ་པ་ཞིག་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་པའི་འཛམ་གླིང་རྒྱལ་ཁབ་དང་ཚོགས་སྒེར་རེ་ཟུང་གིས་ངོས་ནས་སུ་ཐོབ་སུ་རྒྱལ་ལ་རམ་འདེགས་བྱས་ནས་དེ་དང་དེའི་གྲུབ་འབྲས་ལ་བརྟེན་ནས་གང་ཞིག་ཐོབ་ཆེད་ལ་རེ་བ་ཙམ་མ་གཏོགས། གནས་ལུགས་དང་དོན་དངོས་སུ་གཅིག་གྱུར་དང་སྤྱི་སྙོམ་གྱི་ལས་ཀ་བྱེད་ཀྱི་མེད་པ་ཚོད་དཔག་བྱེད་ཐུབ།  མ་རྩ་རིང་ལུགས་དང་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་སོགས་ལྟ་བ་མཁྲེགས་འཛིན་བྱེད་མཁན་གྱི་དབང་འཛིན་མི་སྣ་དག་ཀྱང་དེང་སྐབས་འཛམ་གླིང་འདིའི་ནང་འཕོ་འགྱུར་འགྲོ་དང་འགྲོ་བཞིན་པའི་སྐབས་འདིར་ཡང་རྒྱ་ནག་དམར་གཞུང་ལ་འགྱུར་བ་གང་ཡང་ཐེབས་ཐུབ་ཀྱི་མེད་པའི་གནད་དོན་གཙོ་བོ་དཔལ་འབྱོར་གྱི་དབང་བསྒྱུར་འོག་གི་འཆི་མ་གསོན་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་འདི་ལ་བདག་པོ་མེད་པ་དང་།  འཛམ་གླིང་སྤྱིའི་ཁྱིམ་གཞི་མཉམ་འབྲེལ་རྒྱལ་ཚོགས་ར་བཟི་ནས་གཉིད་དུ་ཡུར་ཡོད་ཚོད་འདུག་ལ།  འཛམ་གླིང་སྤྱི་དང་བྱེ་བྲག་བོད་པ་ཚོ་ངོས་ནས་དོན་རྐྱེན་འདི་དག་ལ་འགྱུར་བ་ཞིག་འགྲོ་ཐུབ་པའི་ཐབས་ལམ་གཙོ་འཚོར་བྱེད་ཀྱི་ཧ་ཅང་གལ་ཆེན་པོ་རེད་ལ།  དོན་དངོས་ཐོག་གཞིས་ལུས་རྒྱ་ཆེའི་མི་མང་གཙོས་བོད་པར་འཕྲད་བཞིན་པའི་དཀའ་སྡུག་འདི་དག་ལ་ཁ་ཞེ་གཉིས་མེད་དང་ལྷག་བསམ་ཟོར་མེད་ཀྱིས་གདུང་སེམས་མཉམ་བསྐྱེད། དེ་བཞིན་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པའི་སྙིང་སྟོབས་དང་ཆོད་སེམས་ལ་རྗེས་སུ་ཡི་རང་གི་ཚོར་སྣང་དང་ཤེས་རྟོགས་སེམས་གཏིང་ན་ཡོད་མཁན་ཚོས་ཀྱང་ནུས་པ་དང་འཆར་གཞི་ལྡན་པའི་ལས་འགུལ་གང་ཞིག་གི་མཇུག་སྐྱོང་རན་སོང་།

 

བྱས་ཙང་མཚམས་འདི་ནས་ཁོ་བོའི་ཡང་ནས་བསྐྱར་དུ་ནན་གྱི་ཞུ་འདོད་པ་དངོས་ནི།  ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་རྒྱལ་ཁབ་དང་མི་རིགས་འདིའི་བདག་དབང་སླར་གསོ་ཡོང་ཆེད་དང་ལྷག་པར་དུ་དགྲ་བོ་རྒྱ་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་བསླུ་བྲིད་དང་ངན་གཡོའི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་གསལ་སྡོན་བྱེད་ཆེད་གཞིས་ལུས་རྒྱལ་གཅེས་དཔའ་བོ་ཚོས་འཛམ་གླིང་མི་མང་གི་མིག་མདུན་དུ་སྐུ་ལུས་མར་མེར་ཕུལ་ནས་བདེན་དཔང་བྱས་ཡོད་པ་འདི་ནི་བོད་མི་རིགས་ཀྱི་སེམས་ནང་དུ་གཏན་དུ་ཡར་ཐུབ་པའི་དྲན་རྟེན་གྱི་རྡོི་རིང་ཞིག་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་གསེར་ཡིག་བྲི་རིན་ཡོད་པའི་རླབས་ཆེན་བྱས་རྗེས་ཤིག་ལ་ངོས་འཛིན་ཅིའི་ཕྱིར་མི་བྱེད།

 

ཡང་གཅིག་བཤད་ན། གཞིས་ལུས་རྒྱལ་གཅེས་རྩོམ་པ་པོ་གཞས་པ་ཕོ་མོ་ཚོ་དང་ལྷག་པར་དུ་རང་ལུས་མཆོད་མེར་ཕུལ་དང་ཕུལ་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོའི་ཆོལ་བོད་རིགས་གསུམ་སྤུན་ཟླ་ཚོའི་དཀའ་ངལ་མཐའ་དག་ལ་ལུས་ངག་ཡིད་གསུམ་གྱི་གདུང་སེམས་མཉམ་བསྐྱེད་དང་། ལྷག་པར་དུ་བོད་དང་བོད་མིའི་ལུས་དབང་ལ་ཡིད་ཆད་དང་འཁང་ར་མི་བྱེད་པར། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐ་སྙད་མཐའ་དག་རྩིས་མེད་རྡོག་རོལ་མི་གཏོང་ཞིང་།  ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པའི་བོད་མི་ས་ཡ་དྲུག་གི་སྲིད་འབྱོར་རིག་གསུམ་གྱི་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་དང་གཏོང་བཞིན་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱིས་གཙོས་གཞིས་བཞུགས་སྤུན་ཟླ་ཚོར་སེམས་གཏིང་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བྱེས་སྡོད་བོད་མི་ཚོས་ཀྱང་གནས་ཡུལ་ས་གནས་གང་སར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་མཚམས་མ་ཆད་པར་སྤེལ་བཞིན་པ་འདི་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་གི་ངོས་ནས་བཤད་ན་གནས་སྐབས་ཀྱི་དགོས་མཁོ་དང་མཐར་ཐུག་གི་ཁེ་ཕན་ཙམ་དུ་མ་ཟད་མི་ཡུལ་ལུང་པར་མི་ལོ་ལྔ་བཅུ་ལྷག་གི་རིང་འཚོ་སྡོད་བྱེད་བཞིན་ཡོད་མཁན་ཡུལ་གྱར་བ་ཚོའི་སོ་སོའི་རྒྱལ་ཁབ་དང་མི་རིགས་འདིའི་རྩ་དོན་ཐོག་དོ་ཁུར་ལྷུར་ལེན་བྱེད་ཀྱི་ཡོད་པ་འདི་ཡང་བསྔགས་འོས་ཀྱི་གནས་སུ་གྱུར།   འོན་ཀྱང་བོད་དོན་དྲིལ་བསྒྲགས་དང་གདུང་སེམས་མཉམ་བསྐྱེད་ཆེད་མར་མེ་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་ཙམ་གྱིས་འཐུས་ཀྱི་ཡོད་མེད་བསམ་བློ་ངེས་པར་དུ་གཏོང་དགོས་པར་སེམས།

 

དེ་བཞིན་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་འདུན་དང་མངོན་འདོད་ཀྱི་ཆེད་དུ་སྐབས་དུས་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་ཕྱག་ལས་གནང་བཞིན་པའི་དབུ་ཁྲིད་རྣམས་པ་ཚོའི་དེ་རིང་ཡང་མི་རིགས་དང་རྒྱལ་ཁབ་གང་ཞིག་གི་བདག་དབང་འཐབ་རྩོད་པ་ངོ་མ་ཞིག་གི་མགྲིན་ཚབ་པའི་མཚན་ཐོག་ནས་བློ་སྤོབས་ལྡན་པའི་མི་རིགས་ཤིག་དང་བསམ་བློ་བ་ཞིག་ལ་རྒྱ་ཅན་གྱི་མི་རིགས་ཞིག་གི་སྲིད་འབྱོར་རིག་གསུམ་ཉམས་རྒུད་ཀྱི་གཡང་ས་མྱུར་སྐྱོབ་བྱེད་ཆེད་དུ་སྐུ་ལུས་མར་མེར་ཕུལ་དང་ཕུལ་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོའི་དམིགས་འདུན་ཇི་བཞིན་བོད་དང་བོད་མིའི་བདེ་སྡུག་གི་གནས་སྟངས་དྲིལ་བསྒྲགས་ཆེད་དུ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་ནས་བོད་མིའི་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་དང་མཐར་ཐུག་གི་མངོན་འདོད་སྒྲུབ་ཐུབ་ཐབས་སོགས་ཀྱི་ཆེད་དུ་སྐུ་ངལ་བསྐྱོན་བཞིན་པའི་བཀའ་བློན་ཁྲི་བས་གཙོས་དེ་རིང་གི་བོད་པའི་ཤེས་འཇོན་གཉིས་དང་ལྷག་བསམ་གསུམ་ལྡན་གྱི་སྣེ་ཁྲིད་པ་ཚོའི་བོད་མི་རིགས་ཀྱི་ལ་རྒྱ་སྙིང་བཅིང་གི་ཐོག་གཞིས་བྱེས་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱིར་དུ་ཉིན་མཚན་བར་མེད་དུ་ཕྱག་ལས་གནང་བཞིན་པའི་ཆོད་སེམས་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་རེད།   

 

དེ་ལས་ཀྱང་ཤིན་ཏུ་དགའ་སྤོབས་སྐྱེས་དགོས་པ་ཞིག་ལ་འཛམ་གླིང་ཞི་བདེ་དང་གོ་ལ་གཅིག་གྱུར་གྱི་དབུ་ཁྲིད་བྱེད་བཞིན་པའི་རང་ཅག་རི་ཁ་བ་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷག་སྐར་ཕྱག་མཆོག་ཕྱག་ན་པདྨོ་མི་ཡི་ཤ་ཚུགས་སུ་རོལ་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ས་ཡ་དྲུག་གི་འདས་མ་ད་གསུམ་ལ་ཐུགས་རྗེ་སྤྱན་གྱི་ཉིན་མཚན་དུས་དྲུག་ཏུ་གཟིགས་བཞིན་ཡོད་པར་མ་ཟད་དགུང་ལོ་བཅུ་དྲུག་ནས་ད་ལྟའི་བར་ལུགས་གཉིས་བཀའ་དྲིན་གྱི་བསྐྱངས་ཤིང་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་རྒྱང་གསུམ་གྱི་དཀའ་ངལ་མཐའ་དག་སེལ་ཆེད་འཛམ་གླིང་ཤར་ནུབ་གང་སར་ཕྱག་འཐེ་བོང་བསླང་ནས་ཕེབས་བཞིན་ཡོད་པར་མ་ཟད།  ད་དུང་ཡང་བོད་མི་ས་ཡ་དྲུག་གི་མགོན་དཔུང་དམ་པར་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་སྐུ་འཚོ་བཞུག་བྱེད་པའི་ཞལ་བཞེས་གནང་བའི་བཀའ་དྲིན་ནི་དུས་ཀྱི་བསྐལ་བའི་བར་བརྗེད་མི་རུང་ལ་གང་ཉིད་ཀྱིས་གསུང་བའི་བཀའ་སློབ་དང་ལམ་སྟོན་དག་གང་ཐུབ་ཇི་ནུས་ཀྱིས་རྩི་སྲུང་བྱེད་རྒྱུར་འབད་རྩོན་བྱེད་དགོས་པ་དེ་བས་ཀྱང་གལ་ཆེན་དུ་མཐོང་།

 

མདོར་བསྡུས་ནས་བཤད་ན་ཁོ་བོའི་ཆེས་བཀུར་འོས་པའི་ཤ་ཁྲག་གཅིག་པའི་གཞིས་བཞུགས་སྤུན་ཟླ་ཚོ་ལ་འཚམས་འདྲི་དང་སྦྲགས། སེམས་གཏིང་ནས་གུས་རྩི་དང་རྒྱབ་སྐྱོར་སྔོན་སོང་ཐོག་བོད་རྒྱལ་ཁབ་དང་མི་རིགས་འདིའི་བསྟན་སྲིད་ཀྱི་ཆེད་དུ་ རང་སྲོག་བློས་གཏོང་གི་ཚད་མཐོའི་ལས་འགུལ་སྤེལ་དང་སྤེལ་བཞིན་པས་ཆེས་རླབས་ཆེན་གྱི་ཆོད་སེམས་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་ཤུལ་ལུས་སྤུན་ཟླ་ཚོའི་ད་ནས་བཟུང་རང་སྲོག་བློ་གཏོང་ལས་འགུལ་འདིའི་རྣམ་པ་གཞན་དུ་བསྒྱུར་ཐུབ་ལ་འབད་རྩོན་བྱེད་དགོས།  རྒྱུ་མཚན་ནི་རྒྱ་དམར་གཞུང་གིས་བོད་དང་བོད་མིའི་རླབས་ཆེན་གྱི་སྣེ་ཁྲིད་པ་དང་བསམ་བློ་བ་རེ་རེ་ཡིན་ཡང་རྩ་མེད་བཟོ་རྒྱུའི་ངན་འཆར་འཐེན་བཞིན་ཡོད་པའི་རྒྱབ་ལྗོངས་ང་ཚོའི་ངེས་པར་དུ་རྟོགས་དགོས། ང་ཚོའི་ངོས་ནས་ངན་འཆར་དེ་དག་རྩ་བ་ནས་ལམ་སློང་ནམ་ཡང་བྱུང་ཁ་འཇོག་མི་རུང་། ད་དུང་མུ་མཐུད་ནས་བོད་མི་རིགས་འདིའི་ཆིག་སྒྲིལ་དང་འཆམ་མཐུན། ལ་རྒྱ་དང་ཕུགས་བསམ་གྱི་བདག་པོ་ཁྱེད་རྣམ་པ་འབྱུང་འགྱུར་མི་རིགས་འདིའི་རྩ་དོན་རྒྱུན་གནས་ཡོང་ཆེད་སྣེ་ཁྲིད་པར་བཞུག་རོགས་སྙིང་ནས་རེ་འབོད་ཞུ་བཞིན་ཡོད་ལ། བོད་རྒྱལ་ཁབ་དང་མི་རིགས་འདིའི་འཕྲལ་ཕུགས་རྒྱང་གསུམ་གྱི་རྩ་དོན་དོན་དངོས་ཐོག་འཐབ་རྩོད་བྱེད་མཁན་གྱི་སྣེ་ཁྲིད་པའམ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྒྱལ་ཞེན་དང་ལྷག་བསམ་ཅན་ཚོ་གལ་སྲིད་གཅིག་རྗེས་གཉིས་མཐུད་ནས་ད་དུང་འདས་གྲོངས་སུ་སོང་བ་ཡིན་ན། དེ་ནི་གནས་སྐབས་འཐབ་རྩོད་ཀྱི་དགོས་མཁོ་ཞིག་ཡིན་ཡང་། མཐར་གཏུག་ནས་བཤད་ན་བོད་མི་རིགས་འདིའི་གྱོང་གུད་མ་གཏོགས་ཁེ་བཟང་ཞིག་གཏན་ནས་རག་མེད་པ་ངོ་ཤེས་དགོས།  བོད་དང་བོད་མི་གཞིས་བྱེས་གཉིས་ཀྱི་ནུས་ལྡན་སྣེ་ཁྲིད་པ་ཚོའི་གཅིག་གྱུར་གྱི་ཆིག་སྒྲིལ་དང་འཆམ་མཐུན་གྱི་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ན་ད་གཟོད་བོད་མིའི་མཐར་ཐུག་གི་མངོན་འདོད་འགྲུབ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུས་ཏེ་གཞིས་བྱེས་མཉམ་འཛོམ་གྱི་སྐལ་བཟང་དུས་སྟོན་ལ་རོལ་ཐུབ་པའི་ཉིན་མོ་ཞིག་ངེས་པར་དུ་ཤར་བར་གདོན་མི་ཟའོ།།

བོད་ཀྱི་བང་ཆེན་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།




2012.02.06 05:25:29
དྲྭ་གྲོགས་ཐུབ་བསྟན་བཀྲ་ཤིས་ཁྱེད་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ།

དེ་རིང་ངས་ཁྱེད་ཀྱི་རྩོམ་ཡིག་དེ་བཀླགས་པ་དང་བསམ་ཚུལ་ཕྲན་བུ་ཞིག་ཞུ་སྙིང་སྤྲོ་སོང་།

སྤྱིར་མི་རིགས་ཤིག་གི་བདེན་དོན་རྩོད་པར་ཕྱོགས་མང་པོ་ཞིག་ནས་ཚང་དགོས་པའི་གནད་དོན་ཡོད་པ་གསལ་བོ་རེད་ལ། འཐབ་རྩོད་ཀྱི་ངོ་བོ་སྒྲུབ་སྟངས་ལ་རྣམ་པ་མི་འདྲ་བ་ཡོད་པ་ཡང་གསལ་བོ་རེད། དེས་ན་འུ་ཚོ་གངས་ཅན་པ་རྣམས་ཀྱིས་བདེན་དོན་རྩོད་སྟངས་དང་། ཁྱད་པར་དུ་བོད་བཙན་བྱོལ་བ་རྣམས་ཀྱིས་ས་ཡ་དྲུག་པོའི་ལས་དོན་སྒྲུབ་སྟངས་ལ་སྐུ་ཉིད་ལ་ཐུགས་འདོད་མ་ཁེངས་པའི་སྟོང་ཆ་སྣ་ཚོགས་ཤིག་ཡོད་པ་གོང་གི་རྩོམ་ཡིག་དེ་ལས་ཤེས་སོང་།

གཞིས་བཞུགས་སྤུན་ཟླ་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་བསམ་གཞིགས་བྱེད་སྐབས་དེ་ནི་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་རེད་ལ། གནས་སྟངས་དེའི་སྐོར་ལ་བཟང་ངན་གྱི་དབྱེ་འབྱེད་ཀྱང་བྱེད་ཕོད་པ་ཞིག་གཏན་ནས་མ་རེད།འོན་ཀྱང་ཁྱེད་ཀྱིས་ཐུགས་ཐག་ཆོད་པོས་སྒོ་ནས་གཞིས་བཞུགས་སྤུན་ཟླ་ཚོས་སྐུ་ལུས་མེ་རུ་སྒྲོན་པ་དེ་གནས་སྐབས་ཀྱི་དགེ་མཚན་ཙམ་ལས། དོན་དངོས་སམ་མཐར་ཐུག་གི་ཕུགས་འདུན་ལ་ཕན་པའི་ཕྱག་ལས་ཤིག་མ་རེད་ཅེས་གསུངས་འདུག་པ་དེར་དངོས་ནས་ཁོ་བོ་ཧ་ལས་སོང་།

སྤྱིར་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བདག་དབང་རྩོད་ལེན་བྱེད་དགོས་ན་གྱོང་རྒུད་དང་དཀའ་ངལ་རབ་དང་རིམ་པའི་རྒྱུད་རིམ་ནསའཁོར་སྐྱོད་བྱེད་དགོས་པ་འདས་སོང་གི་རྒྱལ་ཁབ་ཁག་གིས་བདེན་པའི་རང་དབང་རྩོད་ལེན་བྱས་པའི་ལེའུ་ཚན་ལས་ཤེས་ལ། སྐབས་དེར་མི་བུ་གྲངས་མང་ཞིག་གིས་སྐུ་སྲོག་ཤོར་བའི་གྲངས་ཀ་ཡང་ཉུང་ཉུང་གཏན་ནས་མ་ཡིན་ལགས།

དེ་མཚུངས་འུ་ཚོ་བཙན་བྱོལ་བ་རྣམས་ཀྱིས་གཞིས་བཞུགས་སྤུན་ཟླ་ཚོའི་ལྷག་བསམ་དང་མི་རིགས་ལ་བཟུང་བའི་ཆོད་སེམས་ལ་གདུང་སེམས་མཉམ་སྐྱེད་དང་གུས་བརྩི་གྲངས་མང་ཞིག་ཞུ་དགོས་པ་དངོས་ཡོད་རེད་ལ། ཕྱི་ཕྱོགས་ཀྱི་མཁས་དབང་མི་ཆེན་དང་རྒྱལ་ཁབ་གྲངས་མང་ལ་བདེན་པའི་གནས་ཚུལ་རྣམས་ལྷག་ལུས་མེད་པར་དྲིལ་བསྒྲགས་བྱེད་དགོས་པ་ཡང་འུ་ཚོ་ཕྱི་སྡོད་པ་ཚོའི་ཕྲག་ཐོག་ན་ཡོད་པའི་ལས་གཞི་གལ་ཆེན་ཞིག་ཏུ་འཁུམས།

འོན་ཀྱང་སྐུ་ཉིད་ཀྱིས་དེའི་སྐོར་ལ་ཅུང་མི་འགྲིག་པའི་ལྟ་ཚུལ་མཚོ་ནང་རྡོ་གཡུག་བྱས་འདུག་ལ་བཙན་བྱོལ་བའི་དབུ་ཁྲིད་པ་རྣམས་ཕྱི་ཕྱོགས་སུ་བསྐྱོད་པ་དེ་རྒྱབ་སྐྱོར་རེག་ཐབས་གཅིག་པོར་དམིགས་ནས་སོང་ན་དགེ་མཚན་དེ་ཙམ་མེད་རབ་སོགས་གསུངས་འདུག་པས། མཚམས་འདི་ནས་ཁྱེད་ལ་དྲི་བ་ཞིག་འདོན་སྙིང་འདོད།

འུ་ཚོ་བཙན་བྱོལ་བ་རྣམས་ཀྱིས་བོད་མི་རིགས་ཀྱི་བདེན་དོན་རྩོད་སླད་ཟས་བཅད་ངོ་རྒོལ་དང་། མར་མེ་ཁྲོམ་སྐོར། གསལ་འགོད་གསལ་བསྒྲགས། ཕྱི་རྒྱལ་ཁག་གི་གཙོའི་འཛམ་གླིང་གང་སར་གནས་པའི་སྲིད་འཛིན་དང་། སྲིད་བློན། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་རྣམས་ལ་བོད་དོན་ཁྱབ་བསྒྲགས་དང་། གདུང་སེམས་མཉམ་སྐྱེད་ཀྱི་འབོད་སྐུལ་སྣ་ཚོགས་ཤིག་གནངས་དང་གནང་བཞིན་པ་འདི་ལས་ལྷག་པའི་བོད་པའི་བདེན་དོན་རྩོད་པའི་རྣམ་པ་གསར་བ་ཞིག་སྐུ་ཉིད་ལ་གསུང་རྒྱུ་ཡོད་མེད་དང་། གལ་ཏེ་མཆིས་ན་རྣམ་པ་གང་འདྲ་ཞིག་གི་སྒོ་ནས་ལས་འགུལ་སྤེལ་མིན། དེ་ལྟར་སྤེལ་བས་ནུས་པ་དམིགས་བསལ་འདི་འདྲ་ཞིག་ཐོན་ཐུབ་ཅེས་སྤོབས་པ་མཐོན་པོའི་ངང་གསུང་རྒྱུ་ཡོད་དམ།
ཐུགས་རྗེ་ཆེ།












 
2012.02.06 21:19:45


བོད་དུང་བ།
དྲྭ་གྲོགས་ལྷ་ཐོ་ཐོ་ལགས་ཀྱིས་གུས་པའི་རྩོམ་ཡིག་ལ་དཔྱད་ཞིབ་གནང་ནས་དགོངས་ཚུལ་གསུང་པ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོན་ཀྱང་བྱ་བ་གང་ཞིག་གཙོ་འདོན་གྱི་ཕྱག་ལས་གནང་ཡང་ལེགས་ཉེས་གཉིས་ཕྱོགས་ནས་ཐེར་འདོན་བྱེད་རྒྱུ་གལ་ཆེན་དུ་མཐོང་། དེ་ངས་བསམ་ཚུལ་ཙམ་ཡིན། གཞན་ཡང་སྐུ་ཉིད་ཀྱིས་ང་ལ་དྲི་བ་ཞིག་དྲིས་འདུག་པའི་ལན་དེ་གོང་གི་རྩོམ་དེས་ནང་ཡོད་ལ་ངས་དམིགས་བསལ་འདིར་བསྐྱར་བྲི་བྱས་མེད་ལ་བྲིས་ཁོམ་ཀྱང་བྱུང་མ་སོང་ལགས། ད་དུང་བོད་བསྟན་སྲིད་ཆེད་དུ་སྐུ་ལུས་མེ་རུ་སྒྲོན་མཁན་གཞིས་བཞུགས་སྤུན་ཟླ་ཚོས་སྐུ་ལུས་མེ་རུ་སྒྲོན་པ་དེ་གནས་སྐབས་ཀྱི་དགེ་མཚན་ཙམ་ལས། དོན་དངོས་སམ་མཐར་ཐུག་གི་ཕུགས་འདུན་ལ་ཕན་པའི་ཕྱག་ལས་ཤིག་མ་རེད་ཅེས་ངས་རྩ་བ་ནས་བྲིས་མེད།
དེའི་གོ་དོན་ལྡོགས་ཕྱོགས་སུ་མ་འགྲེལ་རོགས་ཞེས་འབོད་སྐུལ་ཡང་ཞུ་སྙིང་འདོད། སོང་ཙང་། སྐུ་ཉིད་ཀྱིས་ཡང་བསྐྱར་གོང་གི་རྩོམ་ཡིག་དེ་ཐེངས་གཅིག་ལྗགས་ཀློག་གནང་རོགས་གནང་ཅེས་ཞུ་འདོད་བྱུང་། དེ་རིང་དུས་ཚོད་ཀྱི་རྐྱེན་པས་དེ་ཙམ་གྱི་འཐུས་པར་མཛོད། མཁོ་དགོས་བྱུང་ན་ཞིབ་ཕྲའི་གནས་དོན་རྗེས་སུ་ཞུ་ཆོགས་པ་ཞུ། ཐུགས་རྗེ་ཆེ།

 
2012.02.08 05:45:50
དྲྭ་གྲོགས་ཐུབ་བསྟན་བཀྲ་ཤིས་ལགས་ཀྱིས་བསྐྱར་དུ་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཁྱེད་ཀྱིས་ཕྲན་གྱི་དྲི་བར་ལན་གསལ་པོ་ཞིག་གོང་གི་རྩོམ་ཡིག་དེའི་ནང་དུ་ཡོད་རབས་གསུང་འདུག་ཀྱང་ཁོ་བོས་དྲི་ལན་གསར་བ་ཞིག་དེ་ལས་རྙེད་མ་སོང་ལགས།
འོན་ཀྱང་ཁྱེད་ཀྱིས་༼ནུས་པ་ལྡན་པའི་བོད་ཀྱི་གནས་སྟངས་དྲིལ་བསྒྲགས་ཀྱིས་ལས་འགུལ་ཞིག་སྤེལ་བར་འདོད་ན། དེ་རིང་གིས་བོད་ཀྱི་ནུས་ལྡན་སྣེ་ཁྲིད་པ་ཚོའི་བདག་ཉིད་ཆེན་པོ་གན་དྷིའི་རྗེའི་ལྟ་གྲུབ་ཀྱི་ཆ་ཤས་ཙམ་ལག་ལེན་གཙོ་འདོན་བྱེད་ཐུབ་ན༽་ཞེས་ད་སྔ་བོད་བཙན་བྱོལ་བ་རྣམས་ཀྱིས་ལས་ཀ་བྱས་པ་ཡོད་ཚད་དམ་པ་གང་གི་ལྟ་གྲུབ་ཀྱི་ཆ་ཤས་ཙམ་ཡང་ཆགས་མེད་པའི་བསམ་ཚུལ་བཏོན་འདུག་སྙམ།

དེས་ཕྱིར་ཁོ་བོས་ཁྱེད་ལ་དོན་སྙིང་འདྲི་འདོད་པ་ནི། གལ་སྲིད་བདག་ཉིད་ཆེན་པོ་གྷན་དྷེའི་ལྟ་གྲུབ་ཀྱི་ཆ་ཤས་ཤིག་ལེན ་ཐུབ་ན་ཞེས་པའི་ལྟ་གྲུབ་ཀྱི་ཆ་ཤས་ལ་གང་འཇོག་ཅེས་པའི་དྲི་རྟགས་འདི་ཡིན་ལགས།
ངས་བལྟས་ན་བོད་གངས་ཅན་པའི་བདེན་པའི་འཐབ་རྩོད་དེ་དམ་པ་གང་གི་ལྟ་གྲུབ་གཞིར་བཞག་གི་ཐོག་ནས་སྐྱོད་ཀྱིན་ཡོད་ལ། གྲུབ་འབྲས་མངོན་གསལ་བྱུང་མིན་ལ་མ་ལྟོས་པར་འཚེ་བ་མེད་པའི་ལམ་བཟང་རྨད་པོ་ལ་ཁ་ཞེ་གཉིས་མེད་ཀྱིས་གདེང་འཇོག་དང་ལྷན། ལག་བསྟར་བྱེད་པའི་ཐབས་ཤེས་ཡོད་དགུ་རྩ་དྲུག་གཏོན་གྱིན་འདུག་བསམ་པའི་ཚོར་བ་ཡོད་ལགས།

དེ་ཡང་ཁྱེད་ཀྱིས་”གྷན་དྷའི་ལྟ་གྲུབ་ཀྱི་ཆ་ཤས་ཙམ་ལེན་ཐུབ་ན་”ཞེས་པ་ཟས་བཅད་ངོ་རྒོལ་དང་། ཞི་བའི་སྐད་འབོད། མར་མེ་ཁྲོམ་སྐོར་ཙམ་ལ་གསུང་གི་ཡོད་ན། དེ་ནི་བོད་གཞུང་དམངས་གཉིས་ཀྱིས་སྔ་ཕྱི་རིམ་པ་མང་པོར་ཞི་བའི་སྐད་འབོོད་དང་ཟས་བཅད་ངོ་རྒོལ་སོགས་ཀྱི་མཚོན་ཕྱག་ལས་གང་མང་ཞིག་གནངས་མྱོང་ཡོད་པ་དྲྭ་གྲོགས་ཀྱིས་ལོས་མཁྱེན།
དཔེར་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཡང་དག་པའི་དབུ་ཁྲིད་དམ་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་ཟས་བཅད་ངོ་རྒོལ་དང་། རྒྱང་ཐག་རིང་མིན་ལ་མ་ལྟོས་པར་ཞི་བའི་སྐད་འབོད་སོགས་བྱས་མྱོང་ཡོད་པ་ཡང་ཁྱེད་ལ་ཞུ་མི་དགོས་པ་ཞིག་རེད། དེས་ན་བོད་ཀྱི་དབུ་ཁྲིད་པའམ་སྣེ་ཁྲིད་པ་རྣམས་ཀྱི་ངོས་ནས་སྣེ་ཁྲིད་མ་ཐུབ་པའི་སྟོང་ཆ་དང་བར་ཐག་སོགས་བློ་ཡུལ་ལ་མི་ཤུང་བ་ཞིག་འདུག་ཅེས་བཤད་དགོས་ན་ཅུང་ཐལ་ཆེ་བར་སེམས།

ཡང་ཁྱེད་ཀྱིས་བོད་མི་རྣམས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དང་གཏོང་བར་འགྱུར་བ་རྣམས་བོད་མི་རིགས་ལ་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པ་མེད་རབས་སྐུ་ཉིད་ཀྱིས་བྲིས་པའི༼མཐརགཏུག་ནས་བཤད་ན་་བོད་མི་རིགས་འདིའི་གྱོང་གུད་མ་གཏོགས་ཁེ་བཟང་ཞིག་གཏན་ནས་རག་མེད་པ་ངོ་ཤེས་དགོས༽ ཡིག་ཕྲེང་འདི་ལས་གསལ་བར་རྟོགས་སྙམ།

སྔོན་ཆད་ཕྲན་གྱིས་ཞུས་པ་ལྟར་མི་རིགས་ཀྱི་བདེན་དོན་རྩོད་པར་གྱོང་རྒུད་དང་དཀའ་ཚེགས་ཀྱི་རྒྱུད་ལམ་ལ་མ་ཞུགས་པར་ཁ་ཁུ་སིམ་པོའི་ངང་ནས་རང་དབང་རང་བཙན་གྱི་ཉི་མ་ཞིག་འཆར་བར་ནམ་མཁའི་པདྨོའི་མཛེས་ཆོས་ལས་མ་འདས་པ་ཁྱེད་ལ་གསལ་འདེབས་ཞུ་མི་དགོས་པ་ཞིག་རེེད། དེས་ན་ཁྱེད་ཀྱི་ཐུགས་སུ་དེ་ལྟར་དགོངས་མེད་སྲིད་ཀྱང་ཡིག་ཚོགས་ཀྱི་གྲངས་ཀ་བརྩེགས་སྟངས་ཤིག་གིས་ཉན་པོའམ་ཀློག་པ་ལ་འཆར་སྣང་དེ་ལྟར་སྐྱེས་བཅུག་ཡོད་ལགས།
ཐུགས་རྗེ་ཆེ།



 
2012.02.08 18:06:19




དྲྭ་གྲོགས་ལྷ་ཐོ་ཐོ་ལགས་ཀྱི་སླར་ཡང་ གུས་པའི་རྩོམ་ཡིག་ནང་གི་མ་ལེགས་མ་འགྲིག་པའི་ཆ་ཐམས་ཅད་ཐེར་འདོན་བྱས་པར་སྙིང་ནས་དགའ་བསུ་ཞུ་བ་དང་ཆབ་གཅིག་སྐུ་ཉིད་ཀྱིས་དགོངས་ཚུལ་དང་ཕྲན་གྱིས་བསམ་ཚུལ་ གཉིས་ཀྱི་བར་སྟོང་ལས་འཕྲོས་པའི་ཚིག་ཁ་ཤས་ཞུ་འདོད་བྱུང་།


༡ ངས་སྐུ་ལུས་མེ་རུ་བསྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ནོར་འཁྲུལ་དང་ ཡང་ན་ཁོང་ཚོས་གནས་སྐབས་ཀྱི་དགོས་མཁོ་དང་ཁེ་ཕན་རེད་ཅེས་གཏན་ནས་ལབ་མེད། ངས་ལབ་པ་དེ་ལྷག་བསམ་དང་སྙིང་སྟོབས་ལྡན་པའི་རྒྱལ་གཅེས་པ་རེ་རེ་བཞིན་གཅིག་རྗེས་གཉིས་ མཐུད་ནས་མེད་སོང་པ་ཡིན་ན། བོད་མི་རིགས་དང་རྒྱལ་ཁབ་འདིའི་གྱོང་རྒུད་མ་གཏོགས་ངས་ཁེ་བཟང་ཞིག་ལ་ངོ་འཛིན་བྱེད་ཀྱི་མེད་ཅེས་ལབ་པ་ཡིན། དེ་ངས་སེམས་གཏིང་གིས་དྲན་གྱི་ཡོད། སོང་ཙང་། སྐུ་ཉིད་ཀྱིས་དེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་འཕྲལ་ཕུགས་རྒྱང་གསུམ་ཐོག་ཁེ་ ཕན་ཆེན་པོ་ཞིག་རེད་ཅེས་ལབ་ཡང་། ངས་ངོས་ནས་དེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཞིག་ལ་ནམས་ཡང་ངོ་འཛིན་བྱེད་ཐུབ་ཀྱི་མེད།


༢ ཉིན་གཅིག་གི་ཟས་བཅད་ངོ་རྒོལ་དང་བསྔོ་སྨོན་མཆོད་འབུལ་བྱས་པ་ཙམ་གྱི་ནུས་པ་ལྡན་པའི་དྲིལ་བསྒྲགས་ཞིག་བྱེད་ཐུབ་ཀྱི་མེད་ལ་དེ་ནི་བདག་ཉིད་ཆེན་པོ་གྷན་དྷེའི་ལྟ་གྲུབ་ཡང་དག་ཞིག་མ་རེད་ཅེས་བརྗོད་ཀྱང་ཆོག་པར་འདོད། རྒྱལ་ཁབ་དང་མི་རིགས་གང་ཞིག་གི་བདག་དབང་སླར་གསོ་ངོ་མ་ཞིག་བྱེད་འདོད་ན་རང་ དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ཆེས་མཐོས་སྣེ་ཁྲིད་མི་སྣ་ཚོ་དངོས་སུ་མཉམ་ ཞུགས་བྱས་ནས་ཇི་སྲིད་བོད་པའི་བདེན་མཐའ་མ་སེལ་བར་དེ་སྲིད་དུ་མི་མང་དང་སྐྱིད་ སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་བ་ཡིན་ན། ད་གཟོད་བདག་ཉིད་ཆེན་པོ་གྷན་དྷེའི་ལྟ་གྲུབ་འཛིན་མཁན་ནམ་རྗེས་འབྲང་པ་ཞིག་རེད་ཅེས་བརྗོད་ཆོག་པར་བསྙམས། དེ་ཚོ་ཕྲན་གྱིས་རྨོངས་བློའི་འཆར་ཚུལ་རོབ་ཙམ་ཡིན་ལགས།


༣ ངས་༧གོང་ས་མཆོག་གིས་བོད་བསྟན་སྲིད་ཆེད་སྐུ་ལུས་བསྐྱོན་མི་འདུག་ཅེས་ཚིག་གིས་ཟུར་ཙམ་ཡང་བརྗོད་མེད་ངས་བོད་པའི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཐོག་སྐད་ཆ་བཤད་ཁུལ་བྱེད་ཀྱི་ཡོད། སོང་ཙང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུག་འགན་ཡོངས་རྫོགས་རྩིས་སྤྲོད་ཟིན་པ་སྐུ་ཉིད་ཀྱིས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་སྐུ་ཉིད་ཀྱིས་རྩོམ་ཡིག་འདིའི་སྐོར་གྱི་དགོངས་ཚུལ་གསུང་སྐབས་༧གོང་ས་ མཆོག་དེའི་ནང་བརྗོད་གཞིར་མ་ཁྲིད་རོགས་གནང་། དེ་ངས་འབོད་སྐུལ་ཙམ་ཡིན་ལགས། དགོངས་འགལ་མེད་པར་ཞུ། དེ་ཙམ་གྱི་གསལ་བཤད་ཡོང་བའི་རེ་བ་དང་བཅས་བོད་དུང་བས།